ཁ་ཆེ་རྒྱལ་ཁབ་ཁག་གི་ནང་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་དགོས་སྐོར་བརྗོད་འདུག
མི་མང་ཆེ་བ་ཁ་ཆེ་མི་རིགས་ཡིན་པའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཤིག་ཐོག་ཏུ། འགོ་ཁྲིད་ཁག་ཅིག་གིས་ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་དུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་དང་། ནང་ཁུལ་དམག་འཁྲུག་ལ་བརྟེན་ནས། ཁ་ཆེའི་ཡུལ་གྲུ་རྣམས་བརྟན་ལྷིང་མེད་པར་གནས་ཡོད་པས། དཀའ་ངལ་དེ་རིགས་མེད་པ་བཟོ་དགོས། དེ་བཞིན་ཇེའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཛེ་རིལ་གྱི་བཙན་འཛུལ་འོག་ཡོད་པའི་ཁ་ཆེའི་རྒྱལ་ཁབ་པཱེ་ལི་སེ་ཐན་གྱི་དཀའ་སྡུག་སེལ་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ཁ་ཆེ་མི་རིགས་ཀྱི་བདེ་སྡུག་དེ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལག་ཏུ་འཇོག་མི་རུང་བ་སོགས་ཀྱི་སྐོར་གཏམ་བཤད་བྱས་འདུག
མི་མང་ཆེ་བ་ཁ་ཆེ་མི་རིགས་ཡིན་པའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཤིག་ཐོག་ཏུ། འགོ་ཁྲིད་ཁག་ཅིག་གིས་ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་དུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་དང་། ནང་ཁུལ་དམག་འཁྲུག་ལ་བརྟེན་ནས། ཁ་ཆེའི་ཡུལ་གྲུ་རྣམས་བརྟན་ལྷིང་མེད་པར་གནས་ཡོད་པས། དཀའ་ངལ་དེ་རིགས་མེད་པ་བཟོ་དགོས། དེ་བཞིན་ཇེའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཛེ་རིལ་གྱི་བཙན་འཛུལ་འོག་ཡོད་པའི་ཁ་ཆེའི་རྒྱལ་ཁབ་པཱེ་ལི་སེ་ཐན་གྱི་དཀའ་སྡུག་སེལ་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ཁ་ཆེ་མི་རིགས་ཀྱི་བདེ་སྡུག་དེ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལག་ཏུ་འཇོག་མི་རུང་བ་སོགས་ཀྱི་སྐོར་གཏམ་བཤད་བྱས་འདུག
ཟླ་༡༢ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༡༩ ཉིན་མཱ་ལེ་ཤི་ཡའི་རྒྱལ་ས་ཀོ་ལ་ལམ་པུར་ལ། ལོ་ན་༩༤ ཡིན་པའི་རྒྱལ་ཁབ་དེའི་སྲིད་བློན་མཱཧཱ་ཐིར་གྱིས་བསྐོངས་པའི་ཁ་ཆེའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཐོག་ཏུ། ཁ་ཆེའི་རྒྱལ་ཁབ་ཨི་རན་དང་ཏུར་ཀི། ཁ་ཊར་སོགས་ཀྱི་འགོ་ཁྲིད་མཉམ་ཞུགས་བྱས་འདུག འོན་ཀྱང་སོ་ཌི་ཨ་རབ་དང་པ་ཀི་སེ་ཐན་གཉིས་ཀྱིས། ལྷན་ཚོགས་དེས་ཁ་ཆེའི་རྒྱལ་ཁབ་དབར་འགལ་ཟླ་བཟོ་སྲིད་སྐོར་བརྗོད་ནས་མཉམ་ཞུགས་བྱས་མེད་པ་རེད་འདུག དེ་ཡང་ཁ་ཆེའི་ཡུལ་གྲུ་ཁག་གི་ནང་ལྷན་ཚོགས་དེ་ནི་ཁ་ཆེ་ཆོས་ལུགས་མཉམ་ལས་ལྷན་ཚོགས་ཞེས་པ་དེར་ཁ་གཏད་གཅོག་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡང་ཡོད་པ་དང་། དེ་བཞིན་ཨན་ཌི་ནི་ཤི་ཡ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱང་མཉམ་ཞུགས་བྱས་མེད་འདུག
མཱ་ལེ་ཤི་ཡའི་སྲིད་བློན་གྱིས་ཁ་ཆེའི་མི་རིགས་དང་ཆོས་ལུགས། རྒྱལ་ཁབ་རྣམས་དཀའ་ངལ་དང་ཉེན་ཁའི་གནས་བབ་འོག་ཏུ་ཡོད་པ་དང་། ས་གནས་གང་སར་ཁ་ཆེའི་རྒྱལ་ཁབ་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། དེ་དག་གི་ཡུལ་མི་རྣམས་བྲོས་བྱོལ་དུ་འགྲོ་དགོས་པ་ཆགས་ནས། ཁ་ཆེའི་རྒྱལ་ཁབ་མིན་པའི་ཡུལ་གྲུའི་ནང་སྐྱབས་བཅོལ་ལེན་དགོས་པ་ཆགས་ཀྱི་ཡོད་པ་ཚང་མས་ཤེས་གསལ་ཡིན་པ། ནང་འཁྲུག་དང་གྲུབ་འབྲས་མ་ཐོན་པའི་གཞུང་། དེ་བཞིན་རྐྱེན་ངན་གཞན་ལ་བརྟེན་ནས་ཁ་ཆེའི་ཡུལ་གྲུ་རྣམས་ལ་མུ་མཐུད་ནས་དཀའ་ངལ་སྤྲོད་བཞིན་ཡོད་པ། དམག་ཆེན་གཉིས་པའི་སྐབས་སུ་གཏོར་བཤིག་སོང་བའི་རྒྱལ་ཁབ་མང་པོ་ཞིག སླར་གསོ་དང་ཡར་རྒྱས་སོང་ཡོད་ཀྱང་། ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་ཡར་རྒྱས་འགྲོ་རྒྱུ་ཕར་བཞག འཛིན་སྐྱོང་ཡང་ཡག་པོ་བྱེད་ཐུབ་ཀྱི་མེད་པར་སྣང་བས། དཀའ་ངལ་དེ་རིགས་སེལ་ཆེད་དུ་ལག་བསྟར་ཐུབ་པའི་ཐབས་ལམ་དགོས་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༨ ལོ་ནས་ཨ་རིའི་དཔལ་འབྱོར་ཉེས་ཆད་འོག་ཏུ་ཡོད་པའི་ཨི་རན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧཱ་སན་རའུ་ཧཱ་ནི་ཡིས། ཁ་ཆེའི་རྒྱལ་ཁབ་ཁག་དང་ལྷག་པར་དུ་དཀྱིལ་ཤར་ཡུལ་གྲུ་ཁག་གི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ནི། ཇིའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཛེ་རིལ་གྱིས་ཁ་ཆེའི་རྒྱལ་ཁབ་པཱེ་ལི་སེ་ཐན་མུ་མཐུད་ནས་བཙན་བཟུང་བྱེད་བཞིན་ཡོད་པ་དེ་ཡིན་པའི་ཉེས་འཛུགས་དང་། པཱེ་ལི་སེ་ཐན་མི་མང་གི་དཀའ་སྡུག་དེ་ནི་ཁ་ཆེའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེ་ཤོས་ཆགས་ཡོད་པ། དེ་བཞིན་སོ་ཌི་ཨ་རབ་ལ་སྐྱོན་འཛུགས་བྱས་ཏེ། ཁ་ཆེའི་རྒྱལ་ཁབ་ཁག་ཅིག་ནང་བསམ་བློ་དང་བྱ་སྤྱོད་མཁྲེགས་འཛིན་ལ་བརྟེན་ནས། ཕྱིའི་རྒྱལ་ཁབ་ཁག་གི་ཐེ་བྱུས་ཡོང་བའི་ལམ་ཁ་བཟོས་ཡོད་པ། སི་རི་ཡ་དང་ཡེ་མན་ནང་གི་དམག་འཁྲུག ཨི་རག་དང་ལཱེ་བྷེ་ནོན། ཨབ་གྷན་དུ་འཁྲུག་ཟིང་བཅས་ནི་ས་གནས་སུ་ཡོད་པའི་མཁྲེགས་འཛིན་རིང་ལུགས་པ་དང་ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུས་གཉིས་ཟླ་སྒྲིལ་གྱི་གྲུབ་འབྲས་ཡིན་སྐོར་དང་། ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུས་དང་ཤུགས་རྐྱེན་འགོག་རྒོལ་གྱི་མིག་དཔེ་ཡག་ཤོས་ནི་ཨི་རན་རྒྱལ་ཁབ་ཡིན་ཚུལ་བཞག་ནས། ཁ་ཆེའི་ཡུལ་གྲུ་ཁག་གིས་སྒེར་གྱི་དཔལ་འབྱོར་མ་ལག་བཟོས་ནས། ཨ་རིའི་དངུལ་སྒོར་དང་དཔལ་འབྱོར་དབང་འཛིན་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་ཐར་དགོས་པའི་སྐུལ་མ་བྱས་འདུག
ཁ་ཊར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཊ་མིམ་གྱིས་ཀྱང་། ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་བཙན་བཟུང་བྱེད་བཞིན་པ་དེ་ནི་དཀྱིལ་ཤར་ཡུལ་གྲུའི་བརྟན་ལྷིང་ལ་གནོད་པ་བྱེད་མཁན་གཙོ་བོ་དེ་ཡིན་པ་དང་། པཱེ་ལི་སེ་ཐན་ལ་ས་ཆར་བཙན་བཟུང་། ཁྲིམས་འགལ་གྱི་གཞིས་སྒར་གསར་འཛུགས། གནས་ཆེན་ཇཱི་རུ་སི་ལམ་དེ་ཇིའུ་ཆོས་ལུགས་ཀྱི་རྣམ་པར་བསྒྱུར་བཞིན་པའི་སྲིད་བྱུས་སོགས་ཀྱིས། ཨ་རབ་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཡིན་པ་དང་། དེས་ས་ཕྱོགས་གང་སར་གནས་པའི་ཨ་རབ་དང་ཁ་ཆེ་མི་རིགས་ལ་ཁོང་ཁྲོ་སློང་གི་ཡོད་སྐོར་བརྗོད་འདུག
ཏུར་ཀི་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེ་རོ་གྷོན་གྱིས། ཁ་ཆེའི་རྒྱལ་ཁབ་རྣམས་ཀྱིས་དཀྱིལ་ཤར་ཡུལ་གྲུ་དང་ས་གནས་གཞན་ཏུ་དམག་འཁྲུག་དེ་དག་ཐོག་སོ་སོའི་ནོར་འཁྲུལ་ངོས་ལེན་བྱེད་དགོས་པ་དང་། ལྷན་ཚོགས་ལ་མཉམ་ཞུགས་བྱེད་མཁན་འགོ་ཁྲིད་བར་མོས་མཐུན་བྱུང་བའི་འཆར་གཞི་རྣམས་ལག་བསྟར་བྱེད་རྒྱུ་དེ་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གལ་ཆེན་ཡིན་པ། དེ་བཞིན་ཁ་ཆེའི་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་ནུས་སྟོབས་དེ་ནང་འཁྲུག་གི་ཆེད་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་ནི་བློ་འགྱོད་གནས་སྟངས་ཤིག་ཡིན་སྐོར་བརྗོད་འདུག དེའི་ཐོག་ཁོང་གིས་རྒྱུན་དུ་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ལྔ་ཡི་ལམ་ལུགས་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་ཁ་ཆེ་མི་མང་ཐེར་འབུམ་༡.༧ གྱི་བདེ་སྡུག་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལག་ཏུ་འཇོག་མི་རུང་བ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་རྣམས་ཀྱི་ལག་ཏུ་ཡང་འཇོག་མི་རུང་བ། འཛམ་གླིང་ནི་ཚོགས་མི་རྒྱལ་ཁབ་ལྔ་པོ་དེ་ལས་ཆེ་བ་ཡོད་པས། དེ་དག་གི་དགག་བྱའི་དབང་ཚད་ཀྱིས་རྒྱལ་ཁབ་ཆུང་ཆུང་མང་པོ་ཞིག་ལ་གནོད་སྐྱེལ་གྱི་ཡོད་སྐོར་བརྗོད་འདུག
ལྷན་ཚོགས་དེར་མཉམ་ཞུགས་བྱེད་མཁན་ཁ་ཆེའི་ཤེས་ཡོན་པ་ཞིག་གིས། ལྷན་ཚོགས་དེས་ཁ་ཆེའི་ཆོས་ལུགས་མཉམ་ལས་ལྷན་ཚོགས་ཞེས་པ་དེས་དོ་སྣང་བྱེད་ཀྱི་མེད་པའི་གནད་དོན་ཁག་སེལ་བའི་ཐབས་ལམ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ལྷན་ཚོགས་སྐབས་ཀྱི་གཏམ་བཤད་ལ་བལྟས་ན། གཏམ་བཤད་ཁག་གི་ནང་ཁ་ཆེ་ཆོས་ལུགས་མཉམ་ལས་ལྷན་ཚོགས་ལ་སྐྱོན་བརྗོད་བྱས་ཡོད་པས། ལྟ་བ་ལངས་ཕྱོགས་གཅིག་པ་འཛིན་མཁན་གྱི་ལྷན་ཚོགས་གསར་པ་ཞིག་ཆགས་ཀྱི་ཡོད་པ་མཐོང་བ། དེ་བཞིན་སློབ་དཔོན་ཞིག་གིས་ཁ་ཆེའི་ཡུལ་གྲུ་ཁག་གི་ནང་། ཆོས་བརྒྱུད་བར་གྱི་ཕྱོགས་རིས་གོང་འཕེལ་དང་རྒྱབ་སྐྱོར་བྱེད་མཁན་ནི་སཱོ་ཌི་ཨ་རབ་རྒྱལ་ཁབ་དེ་ཡིན་པ་དང་། རྒྱལ་ཁབ་དེས་ལྷན་ཚོགས་དེར་མི་དགའ་བའི་རྣམ་འགྱུར་སྟོན་པའི་རྒྱུ་མཚན་གཙོ་བོ་ནི་ཨི་རན་གྱི་སྲིད་འཛིན་ཡོད་པས་ཡིན་སྐོར་བརྗོད་འདུག
ལྷན་ཚོགས་དེར་ཁ་ཆེ་རྒྱལ་ཁབ་༥༦ ནས་སྐུ་ཚབ་མི་སྣ་༤༥༠ མཉམ་ཞུགས་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།