ཁ་ན་ཌའི་ནང་རྒྱ་རིགས་འགྲུལ་པ་༥༤ རྨས་སྐྱོན་བཟོས་འདུག
ཁ་ན་ཌའི་ནུབ་ཕྱོགས་མངའ་སྡེ་བྷར་ཊི་ཤི་ཀོ་ལམ་བྷི་ཡའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གཞུང་ལམ་སྟེང་འགྲེ་བརྡབ་ཤོར་ཏེ། རྒྱ་རིགས་འགྲུལ་པ་༥༤ ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཁ་ན་ཌའི་ནུབ་ཕྱོགས་མངའ་སྡེ་བྷར་ཊི་ཤི་ཀོ་ལམ་བྷི་ཡའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གཞུང་ལམ་སྟེང་འགྲེ་བརྡབ་ཤོར་ཏེ། རྒྱ་རིགས་འགྲུལ་པ་༥༤ ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཁ་སང་ཕྱི་ཟླ་༨ པའི་ཚེས་༢༨ ཉིན་ཁ་ན་ཌའི་ནུབ་ཕྱོགས་བྷར་ཊི་ཤི་ཀོ་ལམ་བྷི་ཡ་(British Columbia) མངའ་སྡེའི་ནང་རི་ཁུལ་གྱི་གཞུང་ལམ་སྟེང་ཡུལ་སྐོར་སྤྲོ་འཆམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་འགྲེ་བརྡབ་ཤོར་ཡོད་པ་དང་། འགྲུལ་སྐྱེལ་རླངས་འཁོར་དེའི་ནང་ཁྱོན་འགྲུལ་པ་༥༦ ཡོད་པའི་ཁྲོད་ཁ་ལོ་བ་དང་སྣེ་ཤན་པ་གཉིས་ཕུད་པའི་གཞན་ཆ་ཚང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡིན་འདུག་ལ། དེའི་ནང་ཐའེ་ཝན་གྱི་སློབ་ཕྲུག་གཉིས་ཡོད་འདུག
མངའ་སྡེའི་ཉེན་རྟོག་པས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པ་ལྟར་ན། དེའི་ཁྲོད་ཀྱི་འགྲུལ་པ་༦ གི་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དང་། མི་༡༥ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་ཅིང་། གཞན་༣༥ ལ་རྨས་སྐྱོན་དེ་ཙམ་ཚབས་ཆེ་ཕོག་མེད་པ་རེད།
ཡུལ་སྐོར་སྤྲོ་འཆམ་རུ་ཁག་དེ་སྐབས་དེེར་ཁ་ན་ཌའི་བྷར་ཊི་ཤི་ཀོ་ལམ་བྷི་ཡ་མངའ་སྡེའི་རོ་ཁི་(Rocky Mount) རི་བོ་ཞིག་ཏུ་ཉིན་བཞིའི་རིང་ཡུལ་སྐོར་ལ་སོང་སྟེ། ཕྱིར་མངའ་སྡེའི་གྲོང་ཁྱེར་ཝན་ཁི་ཝར་(Vancouver) ཏུ་ལོག་བཞིན་པའི་ལམ་བར་འགྲིམ་འགྲུལ་གྱི་ཆག་སྒོ་དེ་བྱུང་པ་ཞིག་ཡིན་འདུག ད་ལྟའི་ཆར་རྨས་སྐྱོན་ཕོག་པའི་འགྲུལ་པ་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཅིང་། འགྲིམ་འགྲུལ་གྱི་ཆག་སྒོ་དེ་བྱུང་མ་ཐག་ཁ་ན་ཌའི་གཞུང་གིས་ཐད་འཕུར་གནམ་གྲུ་༦ དང་མྱུར་སྐྱོབ་རླངས་འཁོར་༡༩ མངགས་ཏེ། ཛ་དྲག་ངང་རྨས་མ་རྣམས་དུས་ཐོག་སྨན་ཁང་དུ་བསྐྱལ་ཡོད་པ་རེད།།