ཁ་ཕྱོགས་བོར་བའི་ལམ་ནོར།

ཨ་རིའི་སྲིད་གཞུང་ནས་བོད་དོན་འབྲེལ་མཐུད་པ་བསྐྱར་དུ་བསྐོ་གཞག་གནང་བ་དེ་ནི། བོད་དོན་སྐོར་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཧ་ཅང་གསལ་པོ་བསྟན་པ་ཞིག་རེད་ལ།  ད་ལྟའི་དུས་ཚོད་འདི་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་རེ་བ་དང་གོ་སྐབས་གསར་པ་ཡོད་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་མཚམས་གལ་ཆེ་ཤོས་ཤིག་ཏུ་སླེབས་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༧༤  ཕྱི་ལོ་ ༢༠༢༡/༡༢/༢༢

ཨ་རིའི་སྲིད་གཞུང་ནས་བོད་དོན་འབྲེལ་མཐུད་པ་བསྐྱར་དུ་བསྐོ་གཞག་གནང་བ་དེ་ནི། བོད་དོན་སྐོར་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཧ་ཅང་གསལ་པོ་བསྟན་པ་ཞིག་རེད་ལ།  ད་ལྟའི་དུས་ཚོད་འདི་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་རེ་བ་དང་གོ་སྐབས་གསར་པ་ཡོད་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་མཚམས་གལ་ཆེ་ཤོས་ཤིག་ཏུ་སླེབས་ཡོད། ད་ལྟ་ཡོད་པའི་གོ་སྐབས་འདི་དམ་འཛིན་བྱེད་མ་ཐུབ་ན། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་སླར་ཡང་གོ་སྐབས་འདི་ལྟ་བུ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་གལ་ཆེན་པོ་འདི་ལ་ཕྱོགས་ཡོངས་ནས་བསམ་ཞིབ་ནན་པོ་བྱེད་པའི་དུས་ལ་བབ་ཡོད། ད་ལྟ་རྒྱལ་སྤྱིའི་ཐོག་ནས་རྒྱ་དམར་གཞུང་ལ་འཛིན་པའི་སྲིད་བྱུས་འདི་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་ཐན། ལྷོ་སོག་པོ་སོགས་ལ་ཆེད་དུ་དམིགས་པ་ཞིག་མིན་ཡང་། རྒྱ་གཞུང་གི་གཡོ་སྒྱུ་དང་ཧམ་སེམས་སོགས་ལ་རྒྱལ་སྤྱིའི་སྟེང་ནས་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པའི་གཞི་རྩའི་ཐོག རྒྱ་ནད་ཏོག་དབྱིབས་གཉམ་རིམས་ལ་བརྟེན་ནས་ཁ་གཏད་ཀྱི་རྣམ་པ་ཤུགས་ཆེ་རུ་གྱུར་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་ལ་འཛིན་པའི་སྲིད་བྱུས་དབུ་མའི་ལམ་ཡིན་ཞིང་། ད་བར་དབུ་མའི་ལམ་དུ་བསྐྱོད་ན་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་པ་དང་། བོད་ཀྱི་བདག་དབང་ངམ་བོད་རང་བཙན་སླར་གསོ་བྱ་རྒྱུ་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་མེད་པའི་དྲིལ་བསྒྲགས་དེ་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་ཆེན་པོ་ཡིན་པ་མ་ཟད། བར་སྐབས་ཤིག་ལ་རྒྱ་གཞུང་དང་མཉམ་དུ་ཚོང་འབྲེལ་འཛིན་ཐུབ་ན། རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྱི་ཐོག་ནས་ཁེ་ཕན་ཆེན་པོ་ཡོད་པ་དེ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་ངོས་འཛིན་གཅིག་གྱུར་བྱུང་ཡོད། འོན་ཀྱང་ད་ལྟའི་དུས་འདིར་ཨ་རི་དང་ཡུ་རོབ་གྱིས་གཙོས་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དེ་ནོར་འཁྲུལ་ཡིན་པའི་རྣམ་འགྱུར་གསལ་པོ་ཡོད་པའི་སྐབས་འདིར། མི་ལོ་བཞི་བཅུ་ཙམ་གྱི་རིང་བཙན་བྱོལ་གཞུང་ནས་ལྷག་བསམ་རྣམ་དག་གིས་རྒྱ་གཞུང་ལ་བསྟུན་མཁས་དང་། རེ་བ་ག་ཚོད་བརྒྱབ་ཀྱང་དོན་དམ་གྱི་ཐག་གཅོད་གང་ཡང་མ་བྱས་པའི་ཉམས་མྱོང་དང་། རྒྱལ་སྤྱིའི་འགྱུར་འགྲོས་དང་གནས་བབས་ལ་གཞིགས་ནས་ཁ་ཕྱོགས་ཤིག་འཚོལ་རན་ཡོད།

ད་ལྟའི་ཆར་རྒྱལ་སྤྱིའི་གནད་ཡོད་དཔོན་རིགས་ཁག་གི་ངོས་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་སམ། བོད་དོན་འཐབ་རྩོད་ཀྱི་དགོས་འདུན་བཅས་གང་ཐད་ནས་འདོད་པ་ཚིམ་པ་ཞིག་གཏན་ནས་མིན་པ་དང་། བོད་དང་རྒྱ་དམར་གཞུང་དབར་ཐད་ཀར་འབྲེལ་ལམ་གྱི་ཐོག་ནས་དོན་དག་འགྲུབ་ངེས་ཤིག་ཡིན་ན། རྒྱལ་སྤྱིའི་འཁོར་ཕྱོགས་དང་འགྱུར་འགྲོས་ལ་བསམ་བློ་མ་བཏང་ཡང་འགྲིག་མོད། འདས་པའི་མི་ལོ་བཞི་བཅུ་ཙམ་གྱི་ཉམས་མྱོང་དང་། ད་ལྟའི་གནས་སྟངས་ལ་བལྟས་ན་རྒྱ་དམར་གཞུང་གི་སྲིད་བྱུས་ཇེ་མཁྲེགས་དང་། བོད་ནང་དུ་ཆབ་སྲིད་རང་དབང་གི་གནས་སྟངས་ཇེ་སྡུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་སོགས་གང་ཐད་ནས་ཉམས་གུད་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཀྱི་ཁ་ཕྱོགས་དང་བསྟུན་ནས་རྒྱབ་སྐྱོར་དང་ཁ་ཕྱོགས་གསར་པ་ཞིག་འཚོལ་མ་ཐུབ་ན་བོད་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གནས་རྩ་སྟོངས་སུ་འགྲོ་རྒྱུའི་ཉེན་ཁ་དེ་ང་ཚོའི་མིག་མདུན་དུ་སླེབས་ཟིན།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམར་ཤོག་གི་ལམ་ལུགས་ལ་འགྱུར་བ་གང་ཡང་མི་དགོས་པར་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་སྡོད་རྒྱུ་ཁོ་ན་ལས། ལངས་ཕྱོགས་གཞན་གང་ཡང་མེད་པའི་རྣམ་འགྱུར་དེ་རྒྱལ་སྤྱིའི་སྟེང་དུས་ནས་དུས་སུ་གསལ་སྟོན་བྱས་པས། རྒྱལ་སྤྱིའི་སྲིད་གཞུང་གི་ཁག་གི་ངོས་ནས་བོད་དོན་སྐོར་ལ་དེ་ལས་ལྷག་པའི་གནས་སྟངས་ཤིག་བརྗོད་དཀའ་བ་དང་། གལ་སྲིད་བརྗོད་པའི་དབང་དུ་བཏང་ཡང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཙམ་དུ་འགྱུར་རྒྱུ་ལས་མེད་པས། ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་དེ་དང་བསྟུན་ནས་ཁ་ཕྱོགས་ཤིག་འཛིན་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་དགོས་འདུན་ལས་ལྷག་པ་ཞིག་བརྗོད་མི་སྲིད་པ་ལྟ་བུ་རེད། བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་མདུན་དུ་ཅི་ཙམ་བསྐྱོད་ཐུབ་པ་དེའི་ཚོད་ཀྱིས་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐུབ་པ་ལས། དོན་གྱི་བདག་པོ་བོད་མི་རྣམས་མདུན་དུ་སོར་གང་མ་བསྐྱོད་ན་རྒྱབ་ནས་སྐྱོར་རྒྱུ་གང་ཡང་ལྷག་མེད།

མདོར་ན་རྒྱལ་སྤྱིའི་ཁོར་ཡུག་དང་གོ་སྐབས། བོད་ནང་གི་གནས་སྟངས་སོགས་གང་ཐད་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བསྐྱར་ཞིབ་ཀྱིས་ལངས་ཕྱོགས་མཁྲེགས་པོ་འཛིན་མ་ཐུབ་ན། རྒྱ་དམར་གཞུང་གི་གཡོ་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་བོད་དོན་ནུས་མེད་དུ་འགྱུར་རྒྱུ་དང་། བཙན་བྱོལ་བོད་མི་རྣམས་ཀྱང་རིམ་པས་ཕྱི་སྡོད་བོད་རིགས་ཙམ་གྱི་ངོ་བོར་འགྱུར་རྒྱུ་ལས་མེད། བོད་མིའི་སྒྲིག་འཛུགས་ཀྱང་རིམ་པས་ཉམས་གུད་དུ་གྱུར་ཏེ། རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ཀྱང་རིམ་པས་རྒྱ་གར་ཁམས་པའམ། རྒྱ་གར་འཁྱམས་པར་འགྱུར་ངེས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ནི་དེ་བས་ཀྱང་དུས་ཡུན་ཐུང་ངུའི་ནང་ཡུལ་ལུང་དེའི་ངོ་བོར་འཐིམ་འགྲོ་བ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱང་རྒྱ་ཡི་རིག་གནས་ཀྱི་ཤུགས་རྐྱེན་འོག་བོད་པའི་ངོ་བོ་བརླག་རྒྱུ་ལས་ལྷག་མེད་པས། བོད་ཀྱི་རྩ་དོན་རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་ནས་བསྐྱོད་དགོས་པ་ལས། རྒྱ་གཞུང་ལ་ཡིད་ཆེས་བྱ་རྒྱུ་མང་དྲགས་ན་ཁ་ཕྱོགས་བོར་བའི་ལམ་ནོར་ཞིག་ཏུ་ལྷག་རྒྱུ་ཉག་གཅིག་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།