ཁ་མཆུ་ཨང་༢༠ པའི་དཔང་པོ་འགྲིག་མིན་སྐོར་ལ་རྩོད་གླེང་།
ཟླ་འདིའི་ཚེས་༢༤ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་ཐེངས་གསུམ་དང་། རྩོད་ལན་པའི་དཔང་པོ་གསུམ་ཕྱོགས་ལྷུང་ཅན་ཡིན་པའི་ཞུ་སྦྱོར་བའི་ངོས་ལེན་མེད་སྐོར་རྩོད་གླེང་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༢༤ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་ཐེངས་གསུམ་དང་། རྩོད་ལན་པའི་དཔང་པོ་གསུམ་ཕྱོགས་ལྷུང་ཅན་ཡིན་པའི་ཞུ་སྦྱོར་བས་ངོས་ལེན་མེད་སྐོར་རྩོད་གླེང་བྱས་ཡོད་པ་རེད།
སྔ་དྲོ་ཁྲིམས་རར་ཁྲིམས་ཞིབ་པ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དང་། ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད། ཁ་གཏད་རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། རྩོད་ལེན་པའི་ངོ་ཚབ་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་། ངོ་ཚབ་བཀའ་དྲུང་ཚེ་རྒྱལ། ངོ་ཚབ་བཀའ་ཤག་གི་དྲུང་ལས་བསྟན་འཛིན་ཕུན་ཚོགས་བཅས་བཅར་ཡོད་པ་རེད། ཕྱི་དྲོ་རྩོད་ལན་པའི་ཕྱོགས་ནས་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། རྩོད་ལན་པའི་ངོ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག ངོ་ཚབ་བཀའ་དྲུང་ཚེ་རྒྱལ། ངོ་ཚབ་བཀའ་དྲུང་ཟུར་པ་སྟོབས་རྒྱལ་ཚེ་རིང་། ངོ་ཚབ་བཀའ་ཤག་གི་དྲུང་ལས་བསྟན་འཛིན་ཕུན་ཚོགས་བཅས་བཅར་ཡོད་པ་རེད།
གྱོད་གཞིའི་དངོས་དོན་བཞི་པའི་ཞུ་རྩ་༤༌༧༌༡ ནང་བཀའ་ཤག་གི་དོན་ཚན་བཅུ་ཅན་གྱི་ནང་གསེས་དོན་ཚན་དྲུག་པའི་ཚིག་བརྗོད་ལུང་དྲངས་པ་དེར། སྐབས་དེར་ཨ་རི་གཞུང་གི་སྔོན་རྩིས་དང་འབྲེལ་བའི་རོགས་དངུལ་གནད་དོན་མཇུག་འདེད་བྱ་རྒྱུ་དེ་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་མིན་པ་དང་། དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཇུག་སྐྱོང་དགོས་པའི་གནད་དོན་ཞིག་ཡིན་སྐོར་གཏམ་བཤད་གནང་ཡོད་ཅེས་གསལ་བ་གཉིས་སྔ་ཕྱི་མི་མཚུངས་སྐོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྡེ་ཚན་ཀ་པ། བར་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རི་གཞུང་ནས་རོགས་དངུལ་ཐོབ་ཐབས་འབད་བརྩོན་ལྷོད་མེད་གནང་བཞིན་པར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ནས་མཇུག་སྐྱོང་འགན་འཁུར་གནང་མེད་ཅེས་པ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་དང་། སྡེ་ཚན་ཁ་པ། ཞུ་སྦྱོར་བས་ཨ་རི་གཞུང་གི་སྔོན་རྩིས་དང་འབྲེལ་བའི་རོགས་དངུལ་གནད་དོན་མཇུག་འདེད་བྱ་རྒྱུ་དེ་སྐུ་ཚབ་དོན་གཅོད་ཀྱི་འགན་མིན་ལུགས་དང་། དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཇུག་སྐྱོང་དགོས་བའི་གནད་དོན་ཞིག་ཡིན་སྐོར་གཏམ་བཤད་གནང་ཡོད་པ་ཡིན་ནམ། ཡང་ན། གནད་དོན་ཞིག་ཡིན་ཚུལ་གྱི་རྣམ་བའི་ཐོག་གཏམ་བཤད་གནང་བ་ཞིག་ཡིན་པ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་ཞེས་སྒྲོགས་སྦྱང་གནང་རྗེས། ཕྱོགས་གཉིས་ཀས་རྒྱུ་མཚན་རྩོད་གླེང་སྐབས། དེ་ནི་གཙོ་བོ་རོགས་དངུལ་འཚོལ་སྒྲུབ་དང་། ཨ་རིའི་རོགས་དངུལ་མཚམས་འཇོག་གི་གནས་ཚུལ་བྱུང་སྐབས། དོན་གཅོད་ནས་ལས་དོན་གཙོ་བོ་བསྒྲུབ་ཡོད་མེད་སྐོར་རྩོད་གླེང་བྱས་སོང་།
ཞུ་སྦྱོར་བ་དོན་གཅོད་སྐབས་སྲིད་སྐྱོང་ལ་དམའ་འབེབས་སྣ་ཚོགས་བྱས་སྐོར་བརྗོད་པ་དེ་ཁུངས་སྐྱེལ་ཆེད། རྩོད་ལན་པས་དཔང་པོ་ཁག་ཅིག་སྐད་གཏོང་ཆར་ཡོད་པ་ཁག་ཞུ་སྦྱོར་བས་ཕྱོགས་ལྷུང་ཅན་ཡིན་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ངོས་བཞེས་མི་ཡོང་བའི་སྙན་ཞུ་བརྒྱབ་པ་དེར། ཤར་གླིང་ཟླ་སྒྲོན་ལས་དོན་དང་དངོས་སུ་འབྲེལ་བ་ཡོད་པས། དགག་པ་མི་ཆོག་པ་དང་། གཞན་གསུམ་ལ་ཕྱོགས་གཉིས་ཀྱིས་འགྲིག་མིན་དེ་ཁྲིམས་ར་ནས་རྩོད་གླེང་བྱས་ཏེ་ཐག་གཅོད་བྱེད་རྒྱུ་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་ཡོད་པ་རེད།
དཔང་པོ་གསུམ་ནི་ནིའུ་ཡོག་ཏུ་གནས་སྡོད་བྲག་གཡབ་བློ་བཟང་དང་། མགོན་པོ་ཚེ་བསྟན། ཆོས་འགྲུབ་བཅས་ཡིན་པ་རེད། ཞུ་སྦྱོར་བའི་དཔང་པོ་མི་ཡོང་བའི་དགག་པ་ནི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་བཅོ་ལྔ་པའི་དཔང་རྟགས་རྩིས་མེད་ཀྱི་དབང་ཆའི་དོན་ཚན། ཀ་པ། “མ་དྲང་བའི་ཕྱོགས་ལྷུང་”ཞེས་པའི་འོག་གཏུག་ཡོད་པ་དང་། དགག་པ་དེ་རྒྱག་དགོས་དོན་སྐོར་ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་འགྲེལ་བརྗོད་གནང་སྐབས། མི་དེ་ཚོས་དེའི་རྒྱུན་ཁོང་ལ་སྐྱོན་བརྗོད་བྱས་ཏེ། བོད་པའི་སྤྱི་ཚོགས་ནང་ཟང་ངེ་ཟིང་ང་བཟོ་མཁན་གཏེར་དཔོན་སྤེན་པ་ཚེ་རིང་ཡིན་བསམ་གི་འདུག་དང་རེད་ཟེར་བ་དང་། སྤྱི་ཚོགས་དུམ་བུ་གཉིས་སུ་བཏང་སོང་ཟེར་བ་ཚིག་ཐག་ཆོད་པོས་བཤད་ཡོད་པ་དང་། ཁྲིམས་ཞིབ་ཁང་ལ་ཁྱེད་ཚོས་བཀའ་ཤག་གི་ལབ་པ་དེར་ཉན་ན་དཀར་པོ་ཆགས་རྒྱུ་ཡིན་སྐོར། བཀའ་ཤག་ཁྲིམས་ཁང་ལ་བསྐྱལ་བ་ཙམ་གྱིས་དགྲ་དགའ་གཉེན་སྡུག་རེད་ཟེར་བ་སོགས་ཕྱོགས་གཅིག་གི་སྐད་ཆ་ཡིན་པས། ཕྱོགས་ལྷུང་ཅན་ཡིན་པ་སྔོན་མ་དང་ད་ལྟ་ཡང་གསལ་པོ་ཡིན་སྐོར་གསུངས་སོང་ལ། འོས་བསྡུའི་སྐབས་ནས་སྲིད་སྐྱོང་གི་ཕྱོགས་གཏོག་ཡིན་སྐོར་དང་། དཔང་པོ་འགྲིག་མིན་ཁྲིམས་ལུགས་གཞིར་བཟུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་རྒྱུ་ཡིན་སྐོར་གསུངས་སོང་།
རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁོ་ཚོ་དཔང་པོ་བྱས་ན་འགྲིག་སྐོར་གསུངས་སྐབས། དཔང་རྟགས་སྟོན་ཤོག དཔང་པོ་ཁྲིད་ཤོག་ལབ་རེད། དཔང་པོ་ཁྲིད་ཡོང་དུས་དཔང་པོ་རྩིས་མེད་གཏོང་རོགས་གྱིས་ཟེར་གྱི་ཡོད་རེད། དཔང་པོ་གསུམ་ཆ་ཞུ་སྦྱོར་བའི་ངོ་ཤེས་པ་དང་། འབྲེལ་བ་ཡོད་མཁན་ཡིན་པ་དང་། དཔང་པོ་ཚོ་རང་འཚོ་རྐྱང་ཡིན་པས། བཀའ་ཤག་ལ་བསྟུན་མཁས་དང་ཕྱོགས་ལྷུང་དགོས་དོན་མེད་པ་རེད། སྤྱི་ཚོགས་ནང་ལས་ཀ་བྱས་ནས་ཧ་གོ་མཁན་ཡིན་སྐོར་འགྲེལ་བརྗོད་གནང་སོང་ལ། ཁྲིམས་རྩོད་པས། བཀའ་ཤག་གི་དོན་ཚན་བཅུ་ལས་མ་ཚད་པ་ཡོད་སྐོར་དང་། དོན་གཅོད་འཕོ་འགྱུར་གྱི་བརྒྱུད་རིམ་དེ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གསུམ་པའི་༧གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དང་འགལ་མེད་པའི་ཐོག་ནས་ཁྲིམས་དང་ལམ་ལུགས་གཉིས་ཀའི་ཐོག་ནས་དེ་བརྒྱུད་ནས་འགྲོ་བསྡད་ཡོད་པ་རེད། གལ་ཆེ་ཆུང་ཧ་གོ་ཡི་མེད་སྐོར་འགྲེལ་བརྗོད་གནང་སོང་།
ཕྱི་ཟླ་༧ པའི་ཚེས་༢༦ ཉིན་བསྐྱར་དུ་ཁྲིམས་ར་འཚོགས་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།