ཁ་ཟག་སི་ཐན་ནས་ལྷན་དུ་སྦས་པའི་གཞོན་ནུ་ཕོ་མོ་ཟུང་གི་ཕུང་པོ་རྙེད་པ།
ཟླ་༨ ཚེས་༢ ཉིན་ཨ་རིའི<
ཟླ་༨ ཚེས་༢ ཉིན་ཨ་རིའི<<The Epoch Times>>གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཟག་སི་ཐན་(kazakhstan) གྱི་དུར་ས་ཞིག་ནས་ལོ་ངོ་༤༠༠༠ སྔོན་དུ་ཤི་ནས་གདོང་དང་གདོང་གཏད་དེ་སྦས་པའི་གཞོན་ནུ་ཕོ་མོ་ཟུང་གི་ཕུང་པོ་རྙེད་འདུག
དེ་ཡང་ཁ་ཟག་སི་ཐན་གྱི་ཁ་ར་གྷོན་ཌ་(Karaganda) ས་གནས་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཁུལ་དེའི་གནའ་རྫས་སྔོག་འདོན་གྱི་ལས་ཞིག་གི་ཁྲོད་ནས་ཟངས་ཆའི་དུས་རབས་ཀྱི་དུར་ས་ཞིག་བསྔོགས་ཡོད་པ་དང་། དུར་ས་དེ་ནས་རྫ་ཆས་དང་། གྲི། གསེར་དང་རིན་ཆེན་གྱི་རྒྱན་ཆ་བཅས་དང་ལྷན་དུ་སྦས་པའི་གཞོན་ནུ་ཕོ་མོ་གཉིས་ཀྱི་ཕུང་པོ་རྙེད་པ་མ་ཟད། དེའི་ཉེ་འཁོར་ནས་རྟ་རོའང་རྙེད་ཡོད་འདུག
གནའ་རྫས་རྟོག་ཞིབ་པ་ཚོས་གཞོན་ནུ་ཕོ་མོ་ཟུང་དེ་ལོ་ངོ་༤༠༠༠ ཡས་མས་ཀྱི་གོང་སྟེ། ཕྱི་ལོའི་སྔོན་གྱི་ལོ་༢༠༠༠ ཙམ་ལ་སྦས་པ་ཞིག་ཡིན་པར་ངོས་འཛིན་བྱས་པ་མ་ཟད། དུར་འཇུག་གི་རྫས་མང་ཞིང་ཕྱུག་པ་དེས་ཕོ་མོ་གཉིས་མི་དྲག་གི་ཁྱིམ་རྒྱུད་ཅིག་ནས་ཡིན་པ་བན་ཚུལ་ཡང་སྨྲས་འདུག
གཞོན་ནུ་ཕོ་མོ་ཟུང་དེ་ཅི་ཞིག་གིས་བསད་པ་ཡིན་གསལ་པོ་མེད་པའི་ཐོག དེ་ཁོ་གཉིས་ཀྱི་འབྲེལ་བ་ངོ་མ་གང་ཡིན་དང་། བརྩེ་དུངས་ཀྱི་འབྲེལ་བ་ཡོད་མེད་ནི་དོགས་གཞི་ཡིན་འདུག
ཁ་ཟག་སི་ཐན་དུ་ཟངས་ཆས་དུས་རབས་སྐབས་བྷ་གྷ་ཟི-ཌན་ཌི་བྷ་(Begazy-Dandybai) ཡི་རིག་གཞུང་ཤིན་ཏུ་དར་རྒྱས་བྱུང་བ་དང་། དེང་སྐབས་རིག་གཞུང་དེ་དང་འབྲེལ་བའི་གནའ་ཤུལ་དང་གནའ་རྫས་གྲགས་ཅན་མང་པོ་གསར་རྙེད་འབྱུང་གི་ཡོད་འདུག །