ཁམ་བྷོ་ཌི་ཡས་”ང་ཚོ་གད་སྙིགས་བླུག་སྣོད་མིན་”ཞེས་བཤད་འདུག
ཟླ་འདིའི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་གསར་ཁང་ཨལ་ཇེ་ཛི་རཱ་(Aljazeera) ཡིས་གསར་འགྱུར་སྤེལ་གསལ་དུ། ཁ་སང་རེས་གཟའ་ལྷག་པའི་ཉིན་ཁམ་བྷོ་ཌི་ཡའི་གཞུང་འཛིན་མི་སྣ་ཞིག་གིས་ཁམ་བྷོ་ཌི་ཡ་ནས་འགྱིག་གི་གད་སྙིགས་ཏྲུན་(tonnes) ༡༦༠༠ ཙམ་ཕྱིར་ཨ་རི་དང་ཁ་ན་ཏྲ་ལ་གཏོང་རྒྱུ་ཡིན་ཚུལ་བཤད་འདུག་པས། ད་ལྟ་ཁམ་བྷོ་ཌི་ཡ་ནི་ནུབ་ཕྱོགས་རྒྱལ་ཁབ་ནས་བཏང་བའི་གད་སྙིགས་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་མཁན་གྱི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་གསར་ཤོས་དེ་ཆགས་ཡོད་འདུག

ཁམ་བྷོ་ཌི་ཡའི་ཁོར་ཡུག་ལྟ་སྐྱོང་ལས་ཁུངས་ཀྱི་མགྲིན་ཚབ་པས་འགྱིག་གི་གད་སྙིགས་དེ་དག་ཉིན་གཅིག་གི་སྔོན་ཏེ། རེས་གཟའ་མིག་དམར་ཉིན་ཁམ་བྷོ་ཌི་ཡའི་མཚོ་ཁའི་གྲོང་རྡལ་སི་ཨི་ནོ་ཝི་(Sihanoukville) ན་གྲུ་སྒམ་ཆེན་པོ་དག་གི་ནང་དུ་བླུགས་ནས་གཡུགས་པ་དང་། དེ་དག་ཕྱིར་སོ་སོའི་ཡུལ་དུ་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག
ཁོང་གིས་”ཁམ་བྷོ་ཌི་ཡ་འཕྲུལ་ཆས་རྙིང་གོག་རྣམས་གཡུག་སའི་སྙིགས་སྣོད་མ་རེད་”ཅེས་བཤད་པ་དང་། དེ་ནས་ཨ་རི་ནས་འགྱིག་གིས་གང་བའི་གྲུ་སྒམ་༧༠ དང་། ཁ་ན་ཏྲ་ནས་༡༣ བཅས་ཁྱོན་བསྡོམས་གད་སྙིགས་གྲུ་སྒམ་༨༣ ཁམ་བྷོ་ཌི་ཡའི་ས་ཐོག་ཏུ་གཡུགས་ཡོད་སྐོར་བཤད་འདུག
ན་ནིང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཀྱི་འགྱིག་སྙིགས་ནང་འདྲེན་བྱེད་པ་དེ་བཀག་སྡོམ་བྱས་སྟབས། འཛམ་གླིང་གི་གད་སྙིགས་བསྐྱར་སྤྱོད་ཀྱི་ལམ་ལུགས་ལ་ཕོག་ཐུག་ཚད་མེད་ཐེབས་ནས་ཡར་ཐོན་རྒྱལ་ཁབ་རྣམས་ལ་གད་སྙིགས་གཡུག་ས་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོད།
གཞུང་འཛིན་མི་སྣ་ཚོས་གད་སྙིགས་ཀྱིས་གང་བའི་གྲུ་སྒམ་རྣམས་ལ་རྟོག་ཞིབ་བྱེེད་བཞིན་པའི་འདྲ་པར་དག་གིས་ཁམ་བྷོ་ཌི་ཡའི་སྤྱི་ཚོགས་དྲྭ་བའི་ནང་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་དང་། ཁམ་བྷོ་ཌི་ཡ་རྒྱལ་སྤྱིའི་ཕྱི་གསལ་ནང་གསལ་ཚོགས་པ་(Transparency International Camodia) ཡི་དབུ་འཛིན་གྱིས་ངོ་དེབ་ཐོག་ཏུ་གད་སྙིགས་བཏང་བ་དེ་ནི་”ཚད་ལ་བརྒལ་བའི་མཐོང་ཆུང་དང་ཁྱད་གསོད་”རེད་ཅེས་བཀོད་ཡོད་འདུག
སྔོན་ཆད་གད་སྙིགས་འབོར་ཆེན་ཞིག་ལྷོ་ཤར་ཨེ་ཤིའི་རྒྱལ་ཁབ་དག་ལ་གཏོང་སྲོལ་ཡོད་ཀྱང་། དེང་སྐབས་དེ་ལ་དགག་པ་བྱེད་པ་ཆེ་རུ་འགྲོ་བཞིན་ཡོད་དེ། ཟླ་བ་འདི་རང་ལ་ཨིན་ཌོ་ནི་ཤི་ཡས་གད་སྙིགས་གྲུ་སྒམ་བཅུ་ཕྲག་དུ་མ་ཧྥ་རན་སི་དང་ནུབ་ཕྱོགས་ཀྱི་སྔོན་ཐོན་རྒྱལ་ཁབ་གཞན་ལ་ཕྱིར་བསློགས་ཡོད་སྐོར་ཁྱབ་བསྒྲགས་བྱས་པ་མ་ཟད། འདི་ལོའི་ཕྱི་ཟླ་༥ ནང་མཱ་ལ་ཤི་ཡས་འགྱིག་གི་གད་སྙིགས་ཏྲུན་༤༥༠ ཙམ་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་བསྐུར་ཡོད་ཚུལ་བཤད་ཡོད།
རྒྱལ་སྤྱིའི་ཁོར་ཡུག་ལྟ་སྲུང་ཚོགས་པ་(WWF) ཡིས་བཤད་པ་ལྟར་ན། ལོ་རེར་འགྱིག་གི་ཐོན་རྫས་ཏྲུན་ས་ཡ་༣༠༠ ཙམ་བཟོ་སྐྲུན་བྱེད་པ་དང་། དེ་དག་གི་ཕལ་ཆེ་བ་སྐམ་སའམ་མཚོའི་ནང་ཕྱིན་ནས་རང་བྱུང་ཁོར་ཡུག་ལ་སྦགས་བརྩོག་བཟོ་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།