ཁམས་པའི་སྨྱུག་ཚོགས་ཀྱི་དྲྭ་རྒྱ་དང་<འབྲི་ཆུ>དུས་དེབ་འདོན་ཐེངས་ལྔ་པ་དབུ་འབྱེད་གནང་སོང་།
ཟླ་འདིའི་ཚེས་༢༥ ཉིན་ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཐུན་མོང་གིས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཁམས་པའི་སྨྱུག་ཚོགས་ཀྱི་དྲྭ་རྒྱ་(www.khampawriters.com) དང་། དུས་དེབ་<འབྲི་ཆུ>འདོན་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་ཕེབས་ཡོད་པ་དང་། གཞན་ཡང་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཞོན་འཇམ་དབྱངས་ཕུན་ཚོགས་གཙོས་པའི་ས་གནས་སུ་ཡོད་པའི་ཚོགས་མི་རྣམ་པ་དང་འབྲེལ་ཡོད་སྐྱིད་སྡུག་ཚོགས་པ་ཁག་གཅིག་གི་སྐུ་ཚབ་བཅས་ཕེབས་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ཡིས་ཁམས་པའི་སྨྱུག་ཚོགས་ཀྱི་དྲྭ་རྒྱ་དང་<འབྲི་ཆུ>ཞེས་པའི་དུས་དེབ་དབུ་འབྱེད་བྱས་པ་དང་།སྐབས་དེར་ཁོང་གིས། རྩོམ་རིག་ཟེར་བ་དེས་ང་རང་ཚོའི་སྤྱི་ཚོགས་ནང་ལ་ཆ་ཤས་ཧ་ཅང་གི་གལ་ཆེན་པོ་ཞིག་ཟིན་འདུག་བསམ་གྱི་འདུག དཔེར་ན། ཆོས་ཕྱོགས་ནས་བཤད་ན། ནང་པའི་བཀའ་འགྱུར་བསྟན་འགྱུར་དང་ཆོས་འབྱུང་ལོ་རྒྱུས། ཡེ་ཤུའི་ཆོས་ལུགས་ཀྱི་གསུང་རབ། ཁ་ཆེའི་ཆོས་ལུགས་ཀྱི་སྐོར་ཡོངས་སུ་རྫོགས་པ་དེ་རྩོམ་རིག་ལ་བརྟེན་ནས་ཡིག་ཐོག་ཏུ་ཉར་ཚགས་བྱས་ཡོད་རེད། དེ་བཞིན་འཇིག་རྟེན་གྱི་ཆ་ནས་བཤད་པ་ཡིན་ན། དེང་དུས་ཀྱི་རིག་ཚན་མ་འདྲ་བ། དཔེར་ན། ས་ཁམས་རིག་པ་དང་། དངོས་ཁམས་རིག་པ། སེམས་ཁམས་རིག་པ། མི་རྒྱུད་རིག་པ། མདོར་ན་དེ་ཚོ་ཡོངས་རྫོགས་རྩོམ་རིག་ལ་བརྟེན་ནས་ཡིག་ཐོག་ཏུ་ཉར་ཚགས་བྱས་ཡོད་རེད། གཞན་ཡང་རྩོམ་རིག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁ་ལོ་འགྱུར་བ་གཏོང་ཐུབ་ཀྱི་ཡོད། མདོར་ན་བོད་ཙམ་མ་ཡིན་པར། མི་རིགས་གཞན་པའི་བསམ་བློ་ཡར་རྒྱས་གཏོང་རྒྱུ་དང་། གསར་བརྗེ་དང་སྤྱི་ཚོགས་བཅོས་སྒྱུར་ལ་སོགས་པ་མང་པོ་ཞིག་རྩོམ་རིག་ལ་བརྟེན་ནས་བྱུང་ཡོད་པའི་སྐོར་དང་། དེ་བཞིན་ད་ལན་ཁམས་པའི་སྨྱུག་ཚོགས་ཀྱི་ངོས་ནས་འབྲི་ཆུ་འདོན་ཐེངས་ལྔ་པ་དང་། དུས་རབས་དང་མཐུན་པའི་དྲྭ་རྒྱ་དབུ་འབྱེད་གནང་ཐུབ་པ་དེས་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་ནང་ལ་ཞབས་འདེགས་དང་། བྱས་རྗེས་གང་འཚམས་ཤིག་བཞག་ཐུབ་ཡོད་པར་ངོས་འཛིན་ཞུ་གི་ཡོད་ལ། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་ལེགས་སོའི་བསྔགས་བརྗོད་དང་། རྗེས་སུ་ཡི་རངས་ཞུ་གི་ཡོད་ཅེས་གཏམ་བཤད་གནང་སོང་།
ཁམས་པའི་སྨྱུག་ཚོགས་ནི་ཕྱི་ལོ་༢༠༡༣།༣།༡༦ ཉིན་ཁམས་པའི་སྨྱུག་འཛིན་པ་གང་མང་རྒྱས་འཛོམས་ཀྱིས་གསར་བཙུགས་དང་སྨྱུག་ཚོགས་ཀྱི་སྒྲིག་གཞིའི་གྲོས་འཆར་བཏོན་པ་དང་། སྒྲིག་གཞིའི་རྩ་འཛིན་ཡིག་ཆ་གཏན་འབེབས་བྱས་ཡོད་འདུག དུས་དེ་ནས་བཟུང་རིམ་པས་སྒྲིག་གཞི་གསར་བཟོ་དང་། ཐོག་མར་རྒྱུན་ལས་སྐབས་རེས་ཟླ་བ་གསུམ་རེར་འགན་ཁུར་ལེན་རྒྱུ་བྱས་ཡོད་པ་དང་། རིམ་པས་རྒྱུན་ལས་ཀྱི་དུས་ཡུན་རིང་དུ་བཏང་ནས་ལོ་གཅིག་རིང་འགན་ཁུར་གྱི་ཡོད་འདུག
སྤྱི་ལོ་༢༠༡༧ལོ་ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་སྐབས་བརྒྱད་པས་དཔྱད་བརྗོད་རྩོམ་ཡིག་ལས་གྲུབ་པའི་<འབྲི་ཆུ>ཞེས་པའི་དུས་དེབ་ཐོག་མ་དེ་པར་སྐྲུན་བྱས་ཡོད་པ་དང་། དེ་ནས་རྒྱུན་ལས་རིམ་པས་སྙན་རྩོམ་གྱི་དེབ། དཔྱད་རྩོམ་དང་སྙན་རྩོམ་གྱི་དེབ། དེ་བཞིན་སྐབས་བཅུ་གསུམ་པས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་ཆེད་དེབ། ཐེངས་འདིར་སྤྱིའི་འདོན་ཐེངས་ལྔ་པ་ནི་དཔྱད་རྩོམ་དང་སྒྱུར་རྩོམ། སྒྲུང་རྩོམ་དང་ལྷུག་རྩོམ་བཅས་ལས་གྲུབ་པ་ཞིག་རེད་འདུག
གསར་འགོད་པ་བློ་བཟང་རྒྱ་མཚོ།