ཁམས་བྲག་མགོའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར།
ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་བྲག་མགོའི་མི་མང་གིས་མུ་གེ་དང་འབྱུང་བའི་གོད་ཆག་ཟློག་ཆེད་ཁྲིམས་མཐུན་ཐོག་ནས་རྒྱ་སྒོར་ཁྲི་༤༠༠༠ ལྷག་བཏང་ནས་བཞེངས་པའི་སྟོན་པའི་སྐུ་བརྙན་ཆེན་པོ་དེ་རྨང་ནས་བཤིག་སྟེ་ས་གནས་མི་མང་གི་ཆོས་དད་རང་དབང་ལ་བསམ་བརྗོད་ལས་འདས་པའི་ཕོག་ཐུག་བཏང་བར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ནས་བཞུགས་སྒར་དྷ་ས་རུ་བྲག་མགོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་དེར་ངོ་རྒོལ་གྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་བྲག་མགོའི་མི་མང་གིས་མུ་གེ་དང་འབྱུང་བའི་གོད་ཆག་ཟློག་ཆེད་ཁྲིམས་མཐུན་ཐོག་ནས་རྒྱ་སྒོར་ཁྲི་༤༠༠༠ ལྷག་བཏང་ནས་བཞེངས་པའི་སྟོན་པའི་སྐུ་བརྙན་ཆེན་པོ་དེ་རྨང་ནས་བཤིག་སྟེ་ས་གནས་མི་མང་གི་ཆོས་དད་རང་དབང་ལ་བསམ་བརྗོད་ལས་འདས་པའི་ཕོག་ཐུག་བཏང་བར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ནས་བཞུགས་སྒར་དྷ་ས་རུ་བྲག་མགོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་དེར་ངོ་རྒོལ་གྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
ཕྱི་ཟླ་༡༢ པའི་ཚེས་༢༨ ཀྱི་དགོང་མོའི་ཆུ་ཚོད་༥ པ་ལ་བཞུགས་སྒར་དྷ་སའི་མེ་ལོར་གྱི་ཁྲོམ་དུ་སྤེལ་བའི་ལས་འགུལ་དེའི་ཐོག དྷ་སའི་མི་མང་རྣམས་ཀྱིས་མར་མེ་དང་། འབོད་ཚིག་དང་། དེ་བཞིན་རྒྱ་ནག་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་གྱི་སྐུ་པར་སོགས་ཐོགས་ནས་མར་མེའི་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་སོང་བ་མ་ཟད། སྐབས་བཅུ་བདུན་པའི་སྤྱི་འཐུས་རྒྱུན་ལས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་དང་། གོ་བོ་ཕན་བདེ་གཉིས་ཀྱང་ལས་འགུལ་དེར་མཉམ་ཞུགས་ཀྱིས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་གྱི་གཏམ་བཤད་གནང་སོང་།
ཐེངས་འདིའི་མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུ་མཁན་གྱི་ཚོགས་པ་གཉིས་ཀྱི་བསྒྲགས་གཏམ་ནང་། “ཕྱི་ལོ་༢༠༡༥ ལོར་ཁྲིམས་མཐུན་གྱི་ངང་ནས་བཞེངས་བསྐྲུན་མཛད་པའི་སྟོན་པའི་སྐུ་བརྙན་བྱིན་ཅན་དེ་བཞིན་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༢ པ་ནས་བཟུང་རྒྱ་གཞུང་གིས་བཙན་བཀའ་ཕབ་སྟེ་རྩ་གཏོར་བཏང་ཡོད་པ་མ་ཟད། ཡུལ་དེ་གའི་སློབ་གྲྭ་སྒོ་རྒྱག་ཏུ་འཇུག་པ་དང་། གྲྭ་ཤག་གཏོར་བཤིག་བཏང་བ། དགེ་རྒན་འཛིན་བཟུང་བྱེད་པ། གཞན་ཡང་སྐུ་བརྙན་གཏོར་བཤིག་བཏང་བར་མི་འདོད་པའི་རྣམ་འགྱུར་བསྟན་སོང་ཞེས་ཡུལ་མི་གསུམ་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་(རྒྱ་གར་)གཉིས་ནས་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་བྱེད་རྒྱུ་མ་ཟད། གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་ངེས་པར་གང་མགྱོགས་མཚམས་འཇོག་དགོས་པའི་དགོས་འདུན་”འདོན་གྱི་ཡོད་ཅེས་བཀོད་འདུག
བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་“གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་”ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་དགོས་འདུན་འདོན་འགོ་བརྩམས་ནས་ལོ་ངོ་བཅུ་ཕྲག་མང་པོ་ཕྱིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་དགོས་འདུན་དེ་རྣ་རྒྱབ་ཀྱི་རླུང་བུར་བཏང་ནས་གང་མགྱོགས་བོད་ཡུལ་རྒྱ་ཡུལ་དང་། བོད་མི་རྒྱ་མི། བོད་བརྒྱུད་ནང་བསྟན་“རྒྱ་ནག་ཅན་”དུ་བསྒྱུར་ནས་བོད་ཅེས་པ་མིང་གི་ལྷག་མར་བཟོ་རྒྱུའི་དམིགས་ཡུལ་ཁོ་ན་བཟུང་ནས། དམིགས་ཡུལ་དེ་སྒྲུབ་པའི་གདུག་རྩུབ་ཀྱི་སྲིད་བྱུས་འབའ་ཞིག་ལག་བསྟར་བྱས་དང་བྱེད་མུས་སུ་ཡོད་པ་མ་ཟད། ཞི་ཅིན་ཕིང་གི་མཁྲེགས་འཛིན་གྱི་འགོ་ཁྲིད་འོག་ནས་མི་རིགས་དང་ཆོས་ལུགས་རྩ་མེད་ཀྱིས་“རྒྱ་ནག་ཅན་”དུ་བསྒྱུར་བའི་སྲིད་བྱུས་ཀྱི་ལག་བསྟར་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།
གདུག་རྩུབ་ཀྱི་སྲིད་བྱུས་དེའི་འོག་ནས། རྒྱ་ནག་གཞུང་གིས་ཟླ་འདིའི་ཚེས་༡༢ ཉིན་ཁམས་བྲག་མགོ་རུ་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་རྩ་གཏོར་བཏང་ཡོད་འདུག་ཅིང་། སྐུ་བརྙན་དེ་ནི་ཕྱི་ལོ་༢༠༡༥ ལོར་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོའི་སེར་སྐྱ་ཐུན་མོང་ནས་མུ་གེ་དམག་འཁྲུག་དང་། འབྱུང་བཞིའི་འཇིགས་པ་སྤྱི་དང་། ཁྱད་པར་དུ་ཡུལ་དེར་ཡང་ཡང་འབྱུང་བཞིན་པའི་ས་ཡོམ་མི་ཡོང་བའི་ཆེད་དུ་དམིགས་ནས་མ་དངུལ་རྒྱ་སྒོར་ཁྲི་བཞི་ཟ་༤༠༠༠ ལྷག་གི་འགྲོ་གྲོན་བཏང་སྟེ་ཁྲིམས་མཐུན་ས་གནས་ཀྱི་ཡིག་ཆ་ཚད་ལྡན་ཡོད་པའི་ཐོག་ནས་བཞེངས་པ་ཞིག་ཡིན་འདུག
གཞན་ཡང་། རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་༡༡ ནང་བྲག་མགོ་དགོན་པའི་སློབ་གྲྭ་ཡང་གཏོར་བཤིག་བཏང་ཡོད་འདུག་ཅིང་། སློབ་གྲྭ་དེར་ཁང་མིག་ཆེ་ཆུང་ལྔ་བཅུ་ཙམ་དང་། སློབ་མ་བརྒྱ་ལྷག་ཡོད་ཅིང་། སློབ་ཚན་ལ་ནང་བསྟན་རིག་པ་དང་། བོད་ཀྱི་སྐད་ཡིག དབྱིན་ཡིག རྒྱ་ཡིག་སོགས་ཡོད་པའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་ཆགས་ཡོད་ནའང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཡོངས་རྫོགས་གཏོར་བཤིག་བཏང་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།