ཁཱ་ཊར་རྒྱལ་ཁབ་ནང་དུ་གྲོས་ཚོགས་འོས་བསྡུ་ཐེངས་དང་པོ་བྱེད་རྒྱུ་རེད་འདུག
ཕྱི་ལོ་༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཆེན་མོ་འཚོགས་ཡུལ་དུ་གཏན་འཁེལ་བྱུང་བའི་ཁཱ་ཊར་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ། གྲོས་ཚོགས་ཀྱི་འོས་བསྡུ་ཐེངས་དང་པོ་བྱེད་རྒྱུ་ཡིན་འདུག་ཀྱང་། གྲོས་ཚོགས་འཐུས་མའི་དབང་ཚད་ཀྱི་ཚད་གཞི་དང་། རུས་ཚོ་ཁག་ཅིག་ལ་འོས་བསྡུའི་ཐོབ་ཐང་མེད་པའི་གནད་དོན་ཁག་ཅིག་ཡོད་པ་རེད།
ཕྱི་ལོ་༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཆེན་མོ་འཚོགས་ཡུལ་དུ་གཏན་འཁེལ་བྱུང་བའི་ཁཱ་ཊར་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ། གྲོས་ཚོགས་ཀྱི་འོས་བསྡུ་ཐེངས་དང་པོ་བྱེད་རྒྱུ་ཡིན་འདུག་ཀྱང་། གྲོས་ཚོགས་འཐུས་མའི་དབང་ཚད་ཀྱི་ཚད་གཞི་དང་། རུས་ཚོ་ཁག་ཅིག་ལ་འོས་བསྡུའི་ཐོབ་ཐང་མེད་པའི་གནད་དོན་ཁག་ཅིག་ཡོད་པ་རེད།
ཉེ་ཆར་ཁཱ་ཊར་རྒྱལ་ཁབ་ཀྱི་རྒྱལ་པོའམ་འགོ་ཁྲིད་ཀྱིས་ཟླ་༡༠ པའི་ཚེས་༢ ཉིན་དེ་ནི་རྒྱལ་ཁབ་དེའི་གྲོས་ཚོགས་འོས་བསྡུ་ཐེངས་དང་པོ་བྱེད་པའི་ཉིན་མོར་གཏན་འབེབས་བྱས་པའི་གསལ་བསྒྲགས་བྱས་འདུག དེ་ཡང་ཁཱ་ཊར་མི་མང་གིས་གྲོས་ཚོགས་ནང་གི་འཐུས་མི་༤༥ ཁོངས་ནས་༣༠ འོས་འདེམས་བྱེད་རྒྱུ་ཡིན་འདུག་པ་དང་། འཐུས་མི་༡༥ ནི་སྔར་བཞིན་རྒྱལ་པོས་ཐད་བསྐོས་བྱེད་རྒྱུ་རེད་འདུག
གྲོས་ཚོགས་དེའི་མིང་ལ་སློབ་སྟོན་ནམ་ལམ་སྟོན་ཚོགས་ཆུང་ཞེས་འབོད་ཀྱི་ཡོད་འདུག་པ་དང་། འཐུས་མི་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྲིད་བྱུས་དང་སྔོན་རྩིས་ལ་རྒྱབ་སྐྱོར་དང་དགག་བྱ་བྱེད་པའི་དབང་ཚད་ཡོད་འདུག དེ་བཞིན་བདེ་སྲུང་དང་དཔལ་འབྱོར། མ་འཛུགས་ཀྱི་སྡེ་ཚན་མ་ཚུད་པའི་ལས་དོན་གཞན་གྱི་ཐོག་ཏུ་འཛིན་སྐྱོང་ལ་སྟངས་འཛིན་བྱེད་པའི་དབང་ཚད་ཡོད་པ་རེད།
མཚོ་ཁུག་གི་ཨ་རབ་རྒྱལ་ཁབ་གཞན་ལྟར་ཁཱ་ཊར་རྒྱལ་ཁབ་ནང་དུ་ཡང་སྲིད་དོན་ཚོགས་པ་འཛུགས་ཆོག་གི་མེད་པ་རེད།
ཁཱ་ཊར་གྱི་འོས་བསྡུའི་ཁྲིམས་སྒྲིག་ནང་དུ་ཕྱི་ལོ་༡༩༣༠ ཡི་སྔོན་ལ་ཁཱ་ཊར་ནང་དུ་ནང་མི་གནས་སྡོད་བྱེད་ཀྱི་མེད་མཁན་གྱི་མི་མང་ཚོར་འོས་ཤོག་འཕེན་པའི་ཐོབ་ཐང་མེད་པ་བཟོས་འདུག་པ་དང་། བཀག་འགོག་དེ་ཡང་ཕྱི་ལོ་༢༠༠༣ ལོར་གཏན་འབེབས་བྱས་པའི་རྩ་ཁྲིམས་དང་བསྟུན་ནས་བཟོས་པ་ཡིན་འདུག་པ་དང་། གྲོས་ཚོགས་གསར་པ་དེས་རྩ་ཁྲིམས་ལ་བསྐྱར་ཞིབ་བྱེད་ཆོག་གི་ཡོད་འདུག
འོས་བསྡུའི་ཐོབ་ཐང་མེད་པའི་རུས་ཚོ་ཁག་ཅིག་གིས་སྤྱི་ཚོགས་དྲ་ལམ་ཐོག་ཏུ། གྲོས་ཚོགས་གསར་པ་དེས་འོས་བསྡུའི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་ཞུས་འདུག འོས་ཤོག་འཕེན་པའི་ཐོབ་ཐང་མེད་མཁན་གྱི་རུས་ཚོ་ཁྲོད་དུ། སཱོ་ཌི་ཨ་རབ་ཀྱི་མི་རྒྱུད་ཡིན་པའི་རུས་ཚོ་ཞིག་ཀྱང་ཡོད་འདུག
ཕྱི་ལོ་༢༠༠༥ ལོར་ཁཱ་ཊར་གྱིས་མི་སེར་ཁག་ཅིག་གི་མི་སེར་ཐོབ་ཐང་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ནི་མི་མང་དེ་དག་གིས་ལུང་པ་གཉིས་ཀྱི་མི་སེར་ལག་ཁྱེར་བེད་སྤྱོད་བྱེད་ཀྱི་ཡོད་རྐྱེན་ཡིན་སྐོར་བརྗོད་འདུག
སྤྱིར་བཏང་མཚོ་ཁུག་གི་ཨ་རབ་རྒྱལ་ཁབ་རྣམས་ཀྱི་ནང་དུ་རྡོ་སྣུམ་སོགས་ཀྱི་ཐོན་ཁུངས་ཡག་པོ་ཡོད་རྐྱེན། འཛམ་གླིང་ནང་གི་རྒྱལ་ཁབ་ཕྱུག་ཤོས་གྲས་སུ་ཚུད་ཀྱི་ཡོད་ཀྱང་། རྒྱལ་ཁབ་དེ་ཚོ་མང་ཆེ་བ་རྒྱལ་པོ་དང་ནང་མིས་དབང་འཛིན་བྱེད་བཞིན་ཡོད་ཁར། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཚད་གཞི་དམའ་བོ་ཡིན་མིན་ལ་མ་ལྟོས་པར། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཚོང་འབྲེལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།