རྒྱ་གར་གཞོན་སྐྱེས་ཉེས་ཅན་ལ་ཁྲིམས་ཆད་ཆེ་རུ་བཏང་བ།
རྒྱ་གར་གྲོས་ཚོགས་ནང་ལོ་༡༦ ནས་༡༨ བར་གྱི་གཞོན་སྐྱེས་ཚོ་བཙན་གཡེམ་དང་མི་གསོད་པ་སོགས་ཚབས་ཆེ་བའི་ནག་ཉེས་ཀྱི་བྱ་བར་ཞུགས་ཚེ། མི་རྒན་པ་ལྟར་ཁྲིམས་ཐག་གཅོད་ཆོག་པའི་ཁྲིམས་འཆར་ཡིག་ཆ་ལ་མང་མོས་ཐོབ་འདུག
རྒྱ་གར་གྲོས་ཚོགས་ནང་ལོ་༡༦ ནས་༡༨ བར་གྱི་གཞོན་སྐྱེས་ཚོ་བཙན་གཡེམ་དང་མི་གསོད་པ་སོགས་ཚབས་ཆེ་བའི་ནག་ཉེས་ཀྱི་བྱ་བར་ཞུགས་ཚེ། མི་རྒན་པ་ལྟར་ཁྲིམས་ཐག་གཅོད་ཆོག་པའི་ཁྲིམས་འཆར་ཡིག་ཆ་ལ་མང་མོས་ཐོབ་འདུག
དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་ཡིག་ཆ་དེར་མང་མོས་ཐོབ་ཡོད་པ་དང། གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་འདིི་ལོའི་ཕྱི་ཟླ་༥ པའི་ནང་མང་མོས་ཐོབ་ཡོད་པ་རེད།
དེ་སྔོན་ལོ་ངོ་༡༨ མན་ཆད་ཀྱི་ནག་ཉེས་ཅན་ཚོར་ལོ་གསུམ་གྱི་ལེགས་བཅོས་བཙོན་འཇུག་བྱས་ཏེ། གློད་གྲོལ་གཏོང་གི་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༢༠༡༢ ལོར་རྒྱལ་ས་ལྡི་ལིར་སློབ་ཕྲུག་བུ་མོ་ཞིག་ལ། མི་དྲུག་གིས་ལམ་ལ་འགྲོ་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ནང་བཙན་གཡེམ་བཏང་བ་མ་ཟད། མོའི་མོ་མཚན་ནང་ལྕགས་ཧྲེང་བརྫངས་པ་སོགས་བྱས་ཏེ། བུ་མོ་དེའི་ཚེ་སྲོག་ཤོར་བས། མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེར་རྒྱ་གར་གང་སར་ནས་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན། ཉེས་ཅན་ཚོར་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་ཀྱང། ཉེས་ཅན་གཅིག་ལོ་༡༧ ཡིན་པས། རྒྱ་གར་གྱི་ཁྲིམས་ལུགས་ལྟར་ལོ་༣ གྱི་ལེགས་བཅོས་བཙོན་ལ་བཅུག་སྟེ། ཉེ་བའི་ཆར་གློད་གྲོལ་བཏང་ཡོད་པ་རེད། འདས་པོ་བུ་མོ་དེའི་ནང་མི་དང་རྒྱབ་སྐྱོར་བ་ཚོས། ན་གཞོན་དེ་གློད་གྲོལ་ལ་ངོ་རྒོལ་དང་ཁྲིམས་དེ་བཅོས་སྒྱུར་བྱེད་དགོས་པའི་འབོད་སྐུལ་བྱས། འདས་པོའི་ཨ་མས་ཁྲིམས་དེ་གསར་དུ་བཟོས་པར་དགའ་བསུ་ཡོད་ཀྱང། རང་ཉིད་ཀྱི་བུ་མོ་ལ་དྲང་བདེན་གྱི་རྒྱལ་ཁ་ཐོབ་མེད་པར་བློ་ཕམ་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
འབྲེལ་ཡོད་ལས་བྱེད་ཅིག་གིས་རྒྱ་གར་ནང་ན་གཞོན་ནག་ཉེས་ཚབས་ཆེན་གྱི་བྱ་བར་འཇུག་མཁན་གྲངས་ཐོ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང། ལོ་སྔོན་མར་ན་གཞོན་གྱིས་མི་བསད་པ། བཙན་གཡེམ་བྱས་པ། བུ་མོའི་གདོང་ལ་རྫས་གཏོར་བ་སོགས་ཀྱི་གནས་ཚུལ་༣༨,༥༦༥ བྱུང་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༡༤ ལོར་རྒྱ་གར་ནག་ཉེས་གནས་ཚུལ་བསྡུ་སྤྲོད་ལས་ཁུངས་ཀྱིས་གྲངས་ཐོ་བཏོན་པའི་ནང། རྒྱ་གར་ནང་ཉིན་རེར་བུད་མེད་༩༢ ལ་བཙན་གཡེམ་གཏོང་ཡོད་པ་དང། རྒྱལ་ས་ལྡི་ལིར་བཙན་གཡེམ་གྱི་གནས་ཚུལ་མང་ཤོས་འབྱུང་གི་ཡོད་པའི་གྲངས་ཐོ་བཏོན་ཡོད་པ་རེད།
ཕྱི་ལོ་༢༠༡༢ ལོར་བྱུང་བའི་བཙན་གཡེམ་གྱི་གནས་ཚུལ་དེའི་རྗེས། རྒྱ་གར་ནང་བཙན་གཡེམ་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་ངོ་རྒོལ་དང་འཛིན་སྐྱོང་གིས་ཀྱང་བུད་མེད་སྲུང་སྐྱོབ་ཀྱི་ཁྲིམས་དམ་དུ་བཏང་ཡོད་ཀྱང། བཙན་གཡེམ་གྱི་གནས་ཚུལ་ནི་མང་དུ་ལས་ཉུང་དུ་འགྲོ་ཡི་མེད་པ་མ་ཟད། བུ་མོ་ལོ་ན་༤ དང་༥ ལ་སོགས་པ་ཚོར་ཀྱང་བཙན་གཡེམ་བྱས་པའི་གནས་ཚུལ་མང་པོ་བྱུང་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།