ཁྲིམས་ཞིབ་པ་རྣམས་ཀྱི་ཕོགས་ཐོབ་སྔོན་རྩིས་གནས་སྐབས་ཕར་འགྱངས།
ཟླ་འདིའི་ཚེས་༢༣ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོག་བཞིན་ཡོད་པ་དང་། ལས་ཁུངས་ཁག་གི་སྔོན་རྩིས་གཏན་འབེབས་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ཀྱི་ཕོགས་ཐོབ་ཀྱི་སྔོན་རྩིས་དེ་ཕྱིར་འགྱངས་བྱས་སོང་།
ཟླ་འདིའི་ཚེས་༢༣ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོག་བཞིན་ཡོད་པ་དང་། ལས་ཁུངས་ཁག་གི་སྔོན་རྩིས་གཏན་འབེབས་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ཀྱི་ཕོགས་ཐོབ་ཀྱི་སྔོན་རྩིས་དེ་ཕྱིར་འགྱངས་བྱས་སོང་།
དེ་ཡང་ད་ལྟའི་ཁྲིམས་ཞིབ་པ་རྣམས་ཁྲིམས་མཐུན་གྱི་ཁྲིམས་ཞིབ་པར་ངོས་ལེན་ཡོད་མེད་ཀྱི་གླེང་གཞི་ལ་བརྟེན། སྤྱི་འཐུས་ཁག་ཅིག་གིས་སྔོན་རྩིས་དེར་དགག་པ་བརྒྱབ་པས། དེའི་སྐོར་ལ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པས། གནས་སྐབས་རིང་སྔོན་རྩིས་དེ་ཕྱིར་འགྱངས་བྱས་ཏེ། རྗེས་སུ་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་ཚོགས་གཙོས་གསུངས་སོང་།
སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༢ ང་པའི་༣ པའི་ནང་ “ངེས་ཅན་གྱི་འགྲོ་གྲོན་རྣམས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ཐོག་ནས་ཐག་གཅོད་བྱེད་དགོས་མེད། འོན་ཀྱང་ལྷན་ཚོགས་སུ་གྲོས་བསྡུར་བྱ་རྒྱུར་དགག་ཆ་མེད་”ཅེས་གསལ་ཡོད་ནའང་། དགག་པ་རྒྱག་མཁན་སྤྱི་འཐུས་ཚོས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་༣༩ པ་ཐག་གཅོད་གཙང་མ་མ་བྱུང་བར་ཁྲིམས་ཞིབ་པ་ཁྲིམས་མཐུན་མིན་པས། ཕོགས་ཐོབ་དེ་ངེས་ཅན་མིན་པར་ངེས་མེད་ཆགས་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག
དེ་ཡང་གླེང་གཞི་དེ་ནི་ཏོག་དབྱིབས་ནད་ཡམས་ཁྱབ་བཞིན་པའི་སྐབས། ༢༠༢༠ ཕྱི་ཟླ་༨ ཚེས་༢༧ ཉིན་སྐབས་༡༦ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ནས་ཕྱི་ཟླ་༩ ཚེས་༡༦ ཉིན་འཚོགས་གཏན་ཁེལ་བའི་ཚོགས་དུས་༡༠ པ་དེ་༢༠༢༡ ལོའི་ཕྱི་ཟླ་༣ པ་བར་ཕར་འགྱངས་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས། ༢༠༢༠ ལོའི་ཕྱི་ཟླ་༩ ཚེས་༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བཅའ་ཁྲིམས་དང་འགལ་ཡོད་པ་དང་། ཚོགས་གཙོ་ཚོགས་གཞོན་ཚུད་པའི་སྤྱི་འཐུས་རྒྱུན་ལས་༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་གནང་བའི་ཉེས་ཆད་དུ་༢༠༢༡ ཀྱི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་བཀའ་ཁྱབ་བཏང་།
༢༠༢༡ ལོའི་ཕྱི་ཟླ་༣ པའི་ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག སྤྱི་འཐུས་རྒྱུན་ལས་ལ་ཉེས་ཆད་བཏང་བ་དེ་ཁྲིམས་འགལ་ཡིན་སྐོར་བརྗོད་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་ཐོག་ནས་འཕོ་འགྱུར་གཏོང་དགོས་པའི་ཡིག་ཆ་ཨང་༣༩ པ་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་མང་མོས་ཐག་གཅོད་བྱས། ཕྱི་ཟླ་༣ ཚེས་༢༧ ཉིན་ཁྲིམས་ཞིབ་པ་གསུམ་གྱིས་ཁྲིམས་དང་འགལ་མེད་རུང་“ལས་འགན་བཤོལ་བ་ཡིན་”ཞེས་ལས་མཚམས་བཞག་ཡོད་ནའང་། ཟླ་༥ པའི་ཚེས་༢༤ ཉིན་ཁྲིམས་ཞིབ་པ་གསུམ་གྱིས་བསྐྱར་དུ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ནས་ལས་གནས་སུ་མུ་མཐུད་ཞུགས་ཡོད་པ་དང་། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་རྒས་ཡོལ་གྱི་དུས་ཚོད་ཟིན་ནས་རྒས་ཡོལ་ཞུས་པ་དང་། གཞན་གཉིས་མུ་མཐུད་བསྡད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།