བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༧༡ ཕྱི་ལོ་ ༢༠༢༡/༡༢/༡

བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཁ་ཕྱོགས་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་པ་དང་། མ་འོངས་པར་ཡང་མུ་མཐུད་ནང་ཁུལ་གྱི་འགལ་ཟླ་ཙམ་ལས་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ནུས་ཤུགས་མཉམ་སྤུངས་བྱེད་མ་ཐུབ་ན། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གྲུབ་འབྲས་དང་ནུས་པ་དེ། ༧གོང་ས་མཆོག་གི་སྐུ་ཚེ་དང་དུས་མཉམ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དམིགས་ཡུལ་དང་ཁ་ཕྱོགས་ཤིག་ལ་བརྟེན་ནས་ད་བར་བཙན་བྱོལ་སྤྱི་ཚོགས་འདི་རྒྱུན་གནས་བྱུང་ཡོད་པ་དང་། དམིགས་ཡུལ་དང་ཁ་ཕྱོགས་གང་ཡང་མེད་པར་གྱུར་ཟིན་རྗེས་སྤྱི་ཚོགས་འདི་ཡང་རིམ་པས་འཐོར་ཞིག་ཏུ་འགྲོ་ངེས་པ་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། ༧གོང་ས་མཆོག་གིས་སྤྱི་ཚོགས་འདིའི་དམིགས་ཡུལ་མ་འགྲུབ་བར་གནས་ཐུབ་ཆེད་གང་ཟག་རེ་ཟུང་ཙམ་ལ་ལྟོས་མ་དགོས་པར། མང་གཙོའི་ལམ་ལུགས་བཞིན་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་ན། རྩོད་རྙོག་ག་འདྲ་ཞིག་བྱུང་ཡང་མཐའ་མ་ཁྲིམས་སྒྲིག་ལ་བརྟེན་ནས་སེལ་ཐུབ་པའི་དགོངས་པ་བཞེས་ཡོད།

 

ཉེ་ཆར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུའི་ལས་དུས་རྫོགས་སྐབས། ཕྱི་ཟླ་༡༡ ཚེས་༡༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག་དོན་ཚན་བཅོ་ལྔའི་དགོངས་དོན་ཡིན་ཚུལ་གྱིས། ཁྲིམས་ཞིབ་པ་ཆེ་བ་ལས་ཚབ་ཅིག་བསྐོ་གཞག་བྱས་སོང་། དོན་དངོས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༦ པ།  “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་གསེང་ཞུ་དགོས་བྱུང་རིགས་ལ་ལས་ཚབ་བཅའ་ཁྲིམས་དོན་ཚན་༦༧ པའི་འོག་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱ་རྒྱུ།”ཞེས་ཁ་གསལ་པོའི་ཐོག་ནས་བཀོད་ཡོད་པས། ཁྲིམས་ཞིབ་པ་ཆེ་བ་ལས་ཚབ་བསྐོ་གཞག་བྱེད་དགོས་བྱུང་ན། བཅའ་ཁྲིམས་སུ་གསལ་བ་བཞིན། “དུས་ཡུན་ངེས་ཅན་གུང་གསེང་ཞུ་དགོས་རིགས་ལ་ལས་ཚབ་”བསྐོ་དགོས་པ་གསལ་ཡོད་པ་ལས། གཞན་ཁྲིམས་ཞིབ་པ་ཆེ་བ་རྒས་ཡོལ་ཐོན་པའི་སྐབས་ལས་ཚབ་བསྐོ་ཆོག་པ་ཞིག་བཅའ་ཁྲིམས་དང་སྒྲིག་གཞི་གང་དུའང་གཏན་ནས་གསལ་མེད།

 

བཅའ་ཁྲིམས་ནང་ལས་ཚབ་བསྐོ་ཆོག་པ་ཙམ་ལས། ལས་ཚབ་སྐབས་ཇི་ལྟ་བུ་ཞིག་ལ་བསྐོ་དགོས་པ་གསལ་མེད་པའི་དབང་དུ་བཏང་ན། བཅའ་ཁྲིམས་དོན་ཚན་༦༧ པའི་འོག་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱེད་མི་ཆོག་པ་མེད་ཀྱང་། ལས་ཚབ་བསྐོ་གཞག་བྱེད་པའི་དུས་སྐབས་ནི་ཁྲིམས་ཞིབ་པ་ཆེ་བ་“དུས་ཡུན་ངེས་ཅན་གུང་གསེང་”ཞེས་ཁ་གསལ་འཁོད་ཡོད། ཁྲིམས་ཞིབ་ཁང་ནས་ལུང་འདྲེན་བྱས་པ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་༡༥ པར་ཡང་། ཁྲིམས་ཞིབ་ཆེ་བ་རྒས་ཡོལ་ཐོན་པའི་སྐབས་ལས་ཚབ་བསྐོ་གཞག་ཆོག་པ་ཞིག་གཏན་ནས་གསལ་མེད་ལ། གལ་སྲིད་ཡོད་སྲིད་པའི་དབང་དུ་བཏང་ཡང་། བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༦ པའི་ནང་“དུས་ཡུན་ངེས་ཅན་གུང་གསེང”ཞེས་གསལ་པོ་འཁོད་ཟིན་པ་དང་མི་མཐུན་ན། བཅའ་ཁྲིམས་ཁོ་ན་རྩ་འཛིན་དགོས་པ་ལས། བཅའ་ཁྲིམས་ཟུར་དུ་བཞག་ནས་སྒྲིག་གཞི་ཞིག་རྩ་འཛིན་བྱེད་ཐབས་མེད་པར། བཅའ་ཁྲིམས་དོན་ཚན་༥ པའི་དགོངས་དོན་བཞིན་རྩིས་མེད་གཏོང་དགོས་ཞེས་པ་འདི་ལྟ་བུ་རེད།

 

བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་བསྐོ་གཞག་གནང་རྒྱུའི་ཆ་རྐྱེན་གསལ་བཞིན་དུ་ལུང་འདྲེན་མ་གནང་བ་ནི། ད་ལན་གྱི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཅེས་པ་དེ་བཅའ་ཁྲིམས་ཀྱི་ཚིག་དོན་དང་མི་མཐུན་པ་ཤེས་ནས་མ་བཀོད་པ་ཞིག་ལས། ཐུགས་སྣང་མ་གནང་བ་ཞིག་མིན་པ་གསལ་པོ་རེད། འོན་ཀྱང་ད་ལྟའི་སྤྱི་ཚོགས་འདིར་ཁྲིམས་སྒྲིག་གཞི་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་དགོངས་པ་བཞེས་མི་དགོས་པར། ངས་འདི་ལྟ་བུ་ཞིག་ཐག་གཅོད་བྱས་ན་མོས་མཐུན་མི་བྱེད་མཁན་ཡོད་ཀྱང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་། ལྷག་པར་དུ་དབང་ཤུགས་ཆེ་བའི་གྲས་སུ་རྒྱབ་སྐྱོར་བྱེད་མཁན་དེ་བས་མང་བ་ཡོད་པས། བཅའ་ཁྲིམས་ཟུར་དུ་བཞག་ནས་ཐག་གཅོད་གནང་རྒྱུའི་སྤོབས་པ་སླེབས་པ་ཞིག་དང་། བཅའ་ཁྲིམས་ཟུར་དུ་བཞག་ནས་རང་སྣང་གང་དྲན་བྱེད་པ་ནི་གང་ཟག་གི་དབང་བསྒྱུར་དུ་བསྐྱོད་པ་ཞིག་ཏུ་གྱུར་ཡོད།

མདོར་ན་ཕྱི་ལོ་༢༠༢༡ ནི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནང་མུན་ནག་གི་ལོ་ཞིག་དང་། མ་འོངས་པར་ཁྲིམས་སྒྲིག་གཞི་དེ་ཚོ་རང་ཉིད་ལ་འདོད་པ་དང་ཁེ་ཕན་ཡོད་པ་ཞིག་ཡིན་ན་ལུང་འདྲེན་དང་རྩ་འཛིན་བྱས། རང་ཉིད་ལ་འདོད་པ་མེད་ན་ལོག་འགྲེལ་སྣ་ཚོགས་བྱེད་པ་དང་། ལོག་འགྲེལ་བྱེད་ཐབས་མེད་པ་དཔེར་ན་ཁྲིམས་ཞིབ་པ་ཆེ་བ་“དུས་ཡུན་ངེས་ཅན་གུང་གསེང་”ཞེས་འཁོད་ཡོད་ཀྱང་། དེ་ཟུར་དུ་བཞག་ནས་ལག་བསྟར་གཞན་ཞིག་བྱ་རྒྱུའི་ལམ་སྲོལ་འདི་ལྟ་བུ་བྱུང་བ་ནི། སྤྱི་ཚོགས་དང་སྒྲིག་འཛུགས་གང་ཐད་ནས། ཆུ་མགོ་ནས་རྙོག་ཡོང་བའི་སྐབས་སུ་མཇུག་ནས་དྭངས་ཐབས་མེད་པ་དང་། “རྒྱ་མཚོ་ཆེན་པོ་ལ་མེ་འབར་ན། དེ་གསོད་པའི་ཆུ་གཞན་མི་རྙེད་”པའི་དཔེ་བཞིན་དུ་གྱུར་ཡོད། འདས་པའི་དུས་ཡུན་གང་འཚམ་རིང་ཁྲིམས་ཞིབ་པ་དང་འབྲེལ་བའི་སྐོར་རྩོད་རྙོག་མང་པོ་བྱུང་ཡོད་པ་དག་སྐབས་འདིར་གླེང་མེད་ཀྱང་། ད་ལྟའི་གནས་སྟངས་ཁོ་ན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱི་གནད་དོན་འདི་ལྟ་བུ་མི་མཐོང་མདོག་མདོག་བྱས་ན་མ་འགྲིག་པ་ཞིག་ཏུ་མཐོང་།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།