ཁྲིམས་ལ་ལྟོས་མེད་མ་རེད་དམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༣ ཕྱི་ལོ་ ༢༠༡༩/༡༠ /༡༦
ཉེ་ཆར་ཕྱི་ཟླ་༡༠ ཚེས་༡༡ ཉིན་བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་སྨན་རྩིས་ཁང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁོངས་ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་གསལ་བསྒྲགས་ཤིག་སྤེལ་སོང་། སྤྱིར་རང་དབང་མང་གཙོའི་སྤྱི་ཚོགས་ནང་ཚོགས་པའི་ཚོགས་མི་བྱེད་དང་མི་བྱེད། ཚོགས་ཁོངས་ནས་ཕྱིར་འཐེན་བྱེད་དང་མི་བྱེད་དེ་རང་དབང་ཡིན་པ་ལས། དེ་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པ་ཞིག་མིན་ཡང་། ད་ལན་བོད་ཀྱི་སྨན་རྩིས་ཁང་གི་གསལ་བསྒྲགས་དེ་ལ་བོད་པ་ཞིག་ཡིན་ཕྱིན་ཆད་ནས་གནས་ཚུལ་དང་རྒྱབ་ལྗོངས་ཤེས་དང་མི་ཤེས་སྣ་ཚོགས་ཤིག་ཡོད་པ་ལས། དོ་སྣང་ངེས་པར་དུ་བྱེད་དགོས་པ་ཞིག་རེད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་མིང་ལ་དང་པོ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཞེས་འབོད་པ་དང་། ཕྱིས་སུ་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཞེས་གཏན་འབེབས་བྱས་པ་རེད། ལྷན་ཚོགས་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་ཀྱི་ལམ་ནས་བཙུགས་པ་ཞིག་རེད།
ལོ་རྒྱུས་དང་འབྲེལ་བའི་རྒྱབ་ལྗོངས་མདོར་བསྡུས་ཙམ་གླེང་ན་ཐོག་མ་སྤྱི་འཐུས་སྐབས་བཅུ་གཉིས་པ་ཟམ་གདོང་རིན་པོ་ཆེ་ཚོགས་གཙོ་ཡིན་སྐབས་བོད་ཀྱི་སྨན་སྦྱོར་ནང་དངུལ་ཆུ་ཡོད་པ་དང་། དེ་དང་འབྲེལ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ཏུ་གླེང་ཕྱོགས་མང་ཙམ་བྱུང་བ་སོགས་གྲོས་ཚོགས་ནང་བགྲོ་གླེང་མང་པོ་བྱུང་ཡོད་ཅིང་། རྗེས་མ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཆགས་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟིན་བྲིས་བཟོ་འགོད་དང་། དེའི་ཆེད་དུ་བོད་གཞུང་སྨན་རྩིས་ཁང་གིས་གཙོས་འབྲེལ་ཡོད་ཆེད་ལས་སྨན་པ་རྣམས་ཚོགས་འདུ་འཚོགས་པ་སོགས་ཐུགས་སྣང་ཆེན་པོ་གནང་ནས། མཐར་བཀའ་ཤག་གིས་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཟིན་བྲིས་གྲོས་ཚོགས་སུ་ཕུལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པས་ཕྱི་ལོ་༢༠༠༣ ལོར་ཁྲིམས་ཡིག་གི་ངོ་བོར་གཏན་འབེབས་གནང་བ་དང་། སྨན་པའི་ལྷན་ཚོགས་གསར་འཛུགས་དང་དེའི་རྒྱུན་གྲོན་ཡང་བོད་མིའི་སྒྲིག་འཛུགས་ནས་གནང་དང་གནང་བཞིན་པ་རེད།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༨ པའི་ནང་གསེས་༢ པ་དང་༣ པའི་འོག་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་སྨན་རྩིས་ཁང་གསོ་བ་རིག་པའི་ལྷན་ཚོགས་ཁོངས་ནས་ཕྱིར་འཐེན་བྱེད་དང་མི་བྱེད་ནི་དོན་གྱིས་ཁྲིམས་ཡིག་དེ་ལ་འགྱུར་བ་སོང་མ་སོང་ལ་རག་ལས་པ་ཞིག་ཡིན་པ་ལས། སྨན་རྩིས་ཁང་གི་འགན་འཛིན་གྱིས་གསལ་བསྒྲགས་སྤེལ་བ་ཙམ་གྱིས་ལྷན་ཚོགས་ཀྱི་ཁོངས་ནས་ཕྱིར་འཐེན་བྱས་སོང་བ་ཞིག་མ་རེད། ད་ལྟའི་དུས་འདིར་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཞེས་པ་ཞིག་གལ་ཆེན་པོ་ཡིན་ཚུལ་བརྗོད་མཁན་ཡོད་པ་ཙམ་ལས་དོན་དངོས་སུ་ལག་བསྟར་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་ལ་ཕན་ཐོགས་མེད་པ་ལྟ་བུའམ། གནད་དོན་ཁ་ཤས་ཀྱི་ཐོག་ནས་གནོད་པ་ལྟ་བུའང་ཡོད་མི་སྲིད་པ་མིན་ཡང་། ཁྲིམས་ཡིག་དང་སྒྲིག་འཛུགས་གང་ལའང་ལྟོས་མི་དགོས་པར་གསལ་བསྒྲགས་སྤེལ་བ་ནི་བྱ་སྤུ་གནོན་གྱི་འགྲོ་སྟངས་དང་འགལ་བ་ཞིག་ཏུ་གྱུར་ཡོད།
གལ་སྲིད་བོད་ཀྱི་སྨན་རྩིས་ཁང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་པའི་དབང་དུ་བཏང་ན། བརྒྱུད་རིམ་དང་པོ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ལ་འགྱུར་བ་གཏོང་ཐབས་བྱེད་དགོས་པ་དང་། ཁྲིམས་ཡིག་ལ་འགྱུར་བ་བཏང་ནས་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གྲུབ་ཆའི་ཁོངས་སུ་བོད་ཀྱི་སྨན་རྩིས་ཁང་མེད་པ་ཆགས་དགོས་པ་རེད། ཁྲིམས་ཡིག་ལ་འགྱུར་བ་གང་ཡང་མ་སོང་བར་གསལ་བསྒྲགས་ཙམ་བྱས་ནས་ཕྱིར་འཐེན་བྱེད་ཐུབ་པ་ཞིག་མིན། གསོ་བ་རིག་པའི་ཁྲིམས་ཡིག་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་འཕྲོད་བསྟེན་ལས་ཁུངས་དང༌། སྤྱི་འཐུས་གང་རུང་ནས་འཆར་ཕུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས་པས། ཁྲིམས་ཡིག་འདི་བསྐྱར་བཅོས་བྱེད་དགོས་བྱུང་ན་བརྒྱུད་རིམ་འདི་ངེས་པར་དུ་བརྒྱུད་དགོས། གལ་སྲིད་བོད་ཀྱི་སྨན་རྩིས་ཁང་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་ན་དེ་ནས་བཟུང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ཡང་དགོས་མཁོ་མེད་པར་གྱུར་པ་རེད།
མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་གཅིག་སྒྲིལ་དང་ཡུན་གནས་ཐུབ་ཐབས་གཙོ་བོ་མང་གཙོའི་སྒྲིག་འཛུགས་འདི་ཡིན་པ་དང་། མང་གཙོའི་སྒྲིག་འཛུགས་འདི་གནས་པར་བྱེད་པ་ལ་མ་འོངས་པར་དབུས་ལས་ཁུངས་ཁག་གིས་ཁྱབ་ཁོངས་རྣམས་ལ་བདག་སྐྱོང་གནང་དགོས་པ་དང་། ཁྱབ་ཁོངས་ཁག་གིས་ཀྱང་དབུས་ཀྱི་ལས་ཁུངས་ཁག་ལ་བསྟུན་བཀུར་དགོས་པ་ནི་གལ་ཆེན་པོར་གྱུར་ཡོད། ད་ལན་སྨན་རྩིས་ཁང་གིས་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ཐབས་ཤེས་གང་ཡང་མ་བྱས་པར། གསལ་བསྒྲགས་ཙམ་གྱི་ལམ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ནི། ཁྲིམས་དང་ལུགས་སྲོལ། སྒྲིག་འཛུགས་བཅས་གང་ལའང་ལྟོས་མེད་བྱས་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་གཞུང་སྨན་རྩིས་ཁང་ངམ། བོད་ཀྱི་སྨན་རྩིས་ཁང་ནི་ད་ལྟའི་ཆར་ནུས་པ་དང་གྲུབ་འབྲས་ཆེ་ཤོས་ཀྱི་རང་སྐྱོང་སྡེ་ཚན་ཞིག་ཏུ་གྱུར་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་འོག་མེད་པ་ཞིག་གཏན་ནས་མིན་པས། བཙན་བྱོལ་བོད་མིའི་ཁྲིམས་ཡིག་བོད་པ་རང་ཉིད་ཀྱིས་བརྩི་བཀུར་མ་བྱས་ན་རིམ་པས་སྤྱི་ཚོགས་འདི་ཡང་འཐོར་ཞིག་ཏུ་འགྲོ་སྲིད་པ་རེད།།