གངས་སྐྱིད་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད།
ཟླ་འདིའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་ཅན་སྐྱིད་གཤོངས་སུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ལེགས་འགྲུབ་མཛད་སྒོ་ཞིག་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འགྲེམས་སྟོན་ཁང་གསར་པའི་མཚན་བྱང་དབུ་འབྱེད་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་ཅན་སྐྱིད་གཤོངས་སུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ལེགས་འགྲུབ་མཛད་སྒོ་ཞིག་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འགྲེམས་སྟོན་ཁང་གསར་པའི་མཚན་བྱང་དབུ་འབྱེད་གནང་ཡོད་པ་རེད།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་མཛད་སྒོ་དང་འབྲེལ་ནས་གསུང་བཤད་གནང་སྐབས། འགྲེམས་སྟོན་ཁང་ཟེར་བ་དེ་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང། དེ་ནི་བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་དངོས་ཡོད་གནས་སྟངས་ཇི་འདྲ་ཡིན་པ་དཔེ་རིས་དང་། ཡིག་ཆ། དངོས་ཆས་བརྒྱུད་ནས་དངོས་ཡོད་གནས་ཚུལ་འབྱུང་སའི་རྒྱལ་སྒོ་ལྟ་བུ་ཞིག་ཡིན། ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་དང་། རིག་གཞུང་། དེ་བཞིན་བོད་ཕྱི་ནང་གི་གནས་སྟངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རིན་ཐང་བྲལ་བའི་བཀའ་སློབ་དང་མཛད་འཕྲིན་ཁག་འཛམ་གླིང་སྤྱི་དང་། སྒོས་བོད་མི་ནང་ཁུལ་མཁྱེན་རྟོགས་དང་བརྒྱུད་བསྒྲགས་བྱ་རྒྱུའི་ལས་གཞི་དེ་གལ་ཆེན་པོ་རེད། དེ་བཞིན་འགྲེམས་སྟོན་ཁང་འདི་བོད་ཕྲུག་གཞོན་སྐྱེས་ཚོར་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་ཀྱི་ཐོག་ལ་དོ་སྣང་སྤེལ་མཁན་གྱི་བརྒྱུད་ལམ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། སྤྱིར་ལས་དོན་ཕལ་ཆེ་བ་གྲུབ་ཟིན་ཏེ་གཞུང་འབྲེལ་གྱི་དབུ་འབྱེད་མཛད་སྒོ་སྲིད་ཟུར་བློ་བཟང་སེང་གེས་ཕྱི་ཟླ་ལྔ་པའི་ནང་གནང་གྲུབ་ཟིན་སྐོར་དང་། “ད་ལྟ་བར་དུ་ང་ཚོས་གཟེངས་སུ་ཐོན་པའི་ལས་དོན་ཇི་བརྩམས་པ་ཐམས་ཅད་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་རིང་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་བཀའ་ཤག་གིས་འགན་ཁྱེར་བའི་ཐོག་ནས་གསལ་པོར་ཞུ་རྒྱུར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་སྐུ་གཟུགས་གསལ་ཐང་ངང་སྐུ་ལྷོད་ལྷོད་གནང་ནས་བཞུགས་ཡོད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “ང་ཚོ་བཙན་བྱོལ་ལ་གྱར་བ་ནས་བཟུང་ང་ཚོའི་ལས་འགན་གལ་ཆེ་ཤོས་དེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་རེེད། བོད་རྒྱའི་དཀའ་རྙོག་སེལ་བར་གཙོ་བོ་བོད་ཀྱི་གནད་དོན་བོད་པ་ཙམ་མ་ཡིན་པར་རྒྱལ་སྤྱི་ཁྱོན་ཡོངས་སུ་གོ་རྟོགས་སྤེལ་དགོས། ང་ཚོ་བཙན་བྱོལ་དུ་མ་སླེབས་གོང་ནས་རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་བྱས་ཡོད། དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་བ་ཞུས་ཡོད། དེ་ནས་བཟུང་ད་བར་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཕལ་ཆེ་བ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བླ་ཆེན་རྣམ་པ་འཛམ་གླིང་གང་སར་ཆིབས་སྒྱུར་བསྐྱངས་ནས་ཐོག་མར་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་སྤེལ་གཏོང་གནང་མཛད་ཅིང་། དེ་ནས་རིམ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་ཆབ་སྲིད་ཐོག་དོ་སྣང་སླེབས་པ་རེད། ང་ཚོ་བོད་ལ་ས་ཆ་རྒྱ་ཆེན་པོ་དང་མི་འབོར་ཉུང་ཉུང་རེད། བཙན་བྱོལ་ནང་ལའང་མི་འབོར་ཉུང་ངུ་ལས་མེད་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ནང་གི་འཐབ་རྩོད་བྱེད་མཁན་མི་རིགས་མང་པོ་ཡོད་པའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད། དེ་ཚང་མས་ངོས་འཛིན་གནང་གི་ཡོད། བོད་པའི་འཐབ་རྩོད་ཤུགས་ཆེ་རུ་གཏོང་བར་བོད་ཀྱི་གནད་དོན་ལ་དོ་སྣང་དང་དབྱིངས། དེ་རྗེས་རྒྱབ་སྐྱོར་ཐོབ་དགོས། དེ་ཐོབ་པར་འདིར་ལོ་ལྔ་བཅུ་དྲུག་ཅུ་རིང་མི་རབས་རྒན་པ་ཚོས་གནས་སྟངས་ལ་དཔག་པའི་འཇོན་ཚོད་ཀྱིས་སྐུ་ངལ་སྐྱོན་ཡོད་པ་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས་བཀའ་ཤག་གི་ལས་དོན་དང་འབྲེལ་ནས་གསུང་དོན། “ད་ལྟའི་བཀའ་ཤག་གིས་སྲིད་བྱུས་ནང་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་ཞུས་ཡོད་པ་བརྒྱུད་མི་དང་མི་ཐུག ས་ཆ་ནས་ས་ཆར་ཕྱིན་ནས་ཞུ་གཏུག་བྱ་རྒྱུ་དེ་རེད། ལས་འགུལ་དེ་རིགས་བོད་མིའི་སྒྲིག་འཛུགས་ནས་དེ་སྔ་སྤེལ་ཡོད་ལ་ད་ལྟ་ཤུགས་ཆེ་རུ་གཏང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེ་རྒྱུད་ལམ་གལ་ཆེ་ཤོས་དེ་རེད། དེ་མ་ཡིན་པའི་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་ཐབས་ལམ་གཞན་ཡང་མང་པོ་རེད། དེ་ཚོའི་ནང་ནས་གཅིག་ནི་འགྲེམས་སྟོན་ཁང་འདི་རེད། འགྲེམས་སྟོན་ཁང་འདི་ལྟ་བུ་བཙུགས་རྗེས་སྒྲིག་འཛུགས་ནས་ཞིབ་འཇུག་ཚད་ལྡན་བྱས་ཏེ་གཏན་ལ་ཕབ་ན། སུ་ཞིག་འགྲེམས་སྟོན་ཁང་ལ་ཕྱིན་པ་ཡིན་ནའང་གང་ཉན་པ་དང་ཐོས་པ་དེ་གཅིག་འགྱུར་ཡོང་ཐུབ་པ་མ་ཟད། གནས་ཚུལ་ཆ་ཤས་ཙམ་མ་ཡིན་པར་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ། འགྲེམས་སྟོན་ཁང་དབུ་འབྱེད་གནང་བའི་རྗེས་བེད་སྤྱོད་ཚད་ལྡན་གཏོང་ཐུབ་པ་དང་། མི་གང་མང་ལ་སྙོབ་ཐུབ་བྱེད་དགོས་པ་དང་། དེ་བཞིན་ཕྱིའི་སྐད་ཡིག་ནང་ཉན་རྒྱུ་ཡོད་པ་བཟོ་ཐུབ་ན་ནང་དོན་ལ་བྲོ་བ་དང་སེམས་ལ་ངེས་བདེ་བའི་ཁྱད་པར་ཡོད། དེས་ན་སྒྲའི་སྣེ་གཤན་(audio guide) གྱི་མཐུན་རྐྱེན་སྦྱར་ཐུབ་ན་ཡག་པོ་ཡོད། དེ་བཞིན་མ་འོངས་པ་འདིར་དངོས་སུ་བཅར་མ་ཐུབ་མཁན་རྣམས་ལ་དྲ་ཐོག་ནས་བལྟ་རྒྱུ་ཡོད་པ་(virtual guide) བཟོ་རྒྱུར་འབད་བརྩོན་བྱེད་དགོས་”ཞེས་གསུངས་སོང་།
འགྲེམས་སྟོན་ཁང་དེའི་ནང་། བོད་ཀྱི་རིག་གཞུང་དང་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་ངོ་སྤྲོད་དང་ཉར་ཚགས། བོད་ཀྱི་རྒྱལ་རབ་ལོ་རྒྱུས་དང་རྒྱ་ནག་གི་བཙན་འཛུལ་སྐོར། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར། ད་ལྟ་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་བོད་མིའི་ཞི་བའི་ངོ་རྒོལ་སྐོར། བོད་མི་ཚོ་བཙན་བྱོལ་དུ་ཡོང་བའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་ཀྱི་པར་དང་ཡིག་ཆ། གློག་བརྙན་ལྟ་རྒྱུ་ཡོད་པ། མི་སྣ་ངོ་སྤྲོད་སོགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།