གཉན་ནད་རེག་དུག་གི་ནད་པར་དབྱེ་འབྱེད་མི་བྱེད་པའི་རེ་སྐུལ་ཞུས་འདུག 

སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་བོད་མིའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ནད་གཞིའི་ཐོག་གོ་རྟོགས་ཡོད་པའི་ཐོག་སྔོན་འགོག་ཐུབ་ཐབས་དང་ནད་པར་བྱམས་བརྩེའི་སྒོ་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག 

སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་བོད་མིའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ནད་གཞིའི་ཐོག་གོ་རྟོགས་ཡོད་པའི་ཐོག་སྔོན་འགོག་ཐུབ་ཐབས་དང་ནད་པར་བྱམས་བརྩེའི་སྒོ་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག 

ཟླ་༡༢ པའི་ཚེས་༡ ཉིན་ནི་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་དང་། སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། དྷ་ས་ས་གནས་བུད་མེད་ལྷན་ཚོགས། ཀུན་ཕན་ནད་གསོ་ཁང་བཅས་མཉམ་འབྲེལ་ཐོག་བཞུགས་སྒར་རྡ་སར་མང་ཚོགས་ལ་གཉན་ནད་རེག་དུག་སྐོར་གྱི་གོ་རྟོགས་ལས་འགུལ་དང་། རིན་མེད་ཐོག་གཉན་ནད་རེག་དུག་གི་བརྟག་དཔྱད་གནང་སོང་།

དེ་བཞིན་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོ་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་གྱི་བསྒྲགས་གཏམ་གྱི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོར་མང་ཚོགས་ནང་གཉན་ནད་རེག་དུག་ནད་གཞི་གོ་རྟོགས་ཡོད་པའི་ཐོག་སྔོན་འགོག་ཐུབ་ཐབས་དང་ནད་པར་བྱམས་བརྩེའི་སྒོ་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་སྦྲགས། སྤྱིར་རང་རེའི་སྤྱི་ཚོགས་ནང་དུ་གཉན་ནད་རེག་དུག་ཡོད་མཁན་རྣམས་ལ་དབྱེ་འབྱེད་མི་ཉུང་བ་ཞིག་ཡོང་གི་ཡོད་པ་དང་འབྲེལ་ནས། མང་ཚོགས་ཀྱིས་ནད་པར་དབྱེ་འབྱེད་དང་ཚིག་རྩུབ་རིགས་མི་བྱེད་རྒྱུའི་སྐུལ་མ་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གཉན་ནད་རེག་དུག་གི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསམ་གཏན་གྱིས་གསར་འགོད་པ་ཚོར་གསུང་དོན། རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་གཉན་ནད་རེག་དུག་འགོས་ཡོད་པའི་ཕོ་མོ་གྲངས་ལྔ་བཅུ་ལྔ་གསུམ་དངོས་སུ་ར་སྤྲོད་བྱུང་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ནད་པ་དེ་དག་ལ་སྨན་བཅོས་ལྟ་སྐྱོང་དང་ཟས་དོད་དུ་ཟླ་རེར་ཧིན་སྒོར་ཆིག་སྟོང་རེ་འབུལ་མུས་ཡིན་པ། བོད་མི་འདུས་སྡོད་ས་ཕྱོགས་གང་སར་འཛེམ་ཟོན་མེད་པའི་ཐོག་ནས་གཉན་ནད་རེག་དུག་ཚོད་འཛིན་ཆེད་དུ་དུས་ལྟར་བརྟག་དཔྱད་གནང་རྒྱུའི་འབོད་སྐུལ་ཞུས་གནང་སོང་།

དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀུན་ཕན་ནད་གསོ་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ལས་ཐོག་ཟླ་བ་ཚེ་རིང་གིས་གསར་འགོད་ཚོར་གསུང་དོན། སྤྱི་ཡོངས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་ནང་དུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་དུས་ནས་དུས་སུ་ནད་གཞི་སྔོན་འགོག་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཟད། མང་ཚོགས་ཀྱི་ཁྲོད་ནས་གཉན་ནད་རེག་དུག་གི་མཚོན་པའི་མྱོས་རྫས་ངན་གོམས་སོགས་ལ་འགན་ཁུར་བའི་ཐོག་ནས་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་སྟབས། གཞུང་མང་ཡོངས་ཀྱིས་སྤྱི་ཚོགས་ཀྱི་དཀའ་ངལ་ལ་འགན་ཁུར་བཞེས་ཏེ་མདུན་དུ་ཐོན་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་།

གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩིའི་ལས་དོན་ཁོངས་སུ། ནད་གཞི་སྔོན་འགོག་དང་འབྲེལ་ནས་གཏམ་རྒྱུད་འཁྲབ་སྟོན་བརྒྱུད་ནས་གོ་རྟོགས་ཁྱབ་སྤེལ་དང་། དེ་བཞིན་རིན་མེད་ཀྱི་ནད་གཞི་བརྟག་དཔྱད་བཅས་གནང་ཡོད་པ་མ་ཟད། མང་ཚོགས་ཁྲོད་དུ་སྲུང་ཤུབ་དང་ཁ་རས་སོགས་ཀྱང་རིན་མེད་ཀྱིས་བཀྲམས་ཏེ། མེག་གྷན་ཁྲོམ་གཞུང་གི་གཙོ་བྱས་པའི་གངས་སྐྱིད་ཁུལ་དང་ནོར་གླིང་སོགས་སུ་ཡང་སྐོར་སྐྱོད་ཀྱིས་ཉིན་གང་གི་རིང་ལས་འགུལ་སྤེལ་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།