གདོང་ལེན་མེད་ན་རྒྱབ་སྐྱོར་མེད།

རྒྱ་དམར་དྲག་པོའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་ད་བར་མི་ལོ་༦༣ ལྷག་སོང་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་སྒང་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་མེད་ལ་གླེང་ཕྱོགས་མི་འདྲ་བ་དང་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༤    ཕྱི་ལོ་ ༢༠༢༢/༥ /༡༡    

རྒྱ་དམར་དྲག་པོའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་ད་བར་མི་ལོ་༦༣ ལྷག་སོང་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་སྒང་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་མེད་ལ་གླེང་ཕྱོགས་མི་འདྲ་བ་དང་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད། ཁག་ཅིག་གིས་ད་ལྟའི་ཆར་བོད་དོན་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་། ཁག་ཅིག་གིས་བོད་དོན་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་ཚད་མཐོན་པོ་གང་ཡང་མེད་པར་ངོས་འཛིན་བྱེད་མཁན་ཡོད། ལོ་འདིར་ཨུ་རུ་སུས་ཁྱིམ་མཚེས་ཡུ་རོབ་ཤར་མའི་རྒྱལ་ཁབ་ཡུ་ཀེ་རེན་ལ་བཙན་འཛུལ་དཔུང་འཇུག་བྱས་པར་རྒྱལ་སྤྱིའི་སྒང་ནས་དངོས་སུ་དམག་དྲངས་ནས་རྒྱབ་སྐྱོར་བྱས་མེད་ནའང་། གོ་མཚོན་དང་དཔལ་འབྱོར་སོགས་ཀྱི་ཐོག་ནས་རོགས་རམ་ཤུགས་ཆེ་བྱས་པ་དང་། ཨུ་རུ་སུར་ཉེས་ཆད་འདྲ་མིན་སྣ་ཚོགས་བཅད་ནས་ཨུ་ཐུག་དགོས་པའི་གནས་སྟངས་ཤིག་ཏུ་བསྒྱུར་ཡོད་པ་དང་བསྡུར་ནས་བལྟས་ན། བོད་དོན་ལ་རྒྱབ་སྐྱོར་གང་ཡང་མེད་པའི་སྡུག་ཡུས་ཤོད་མཁན་བོད་པའི་ནང་མང་པོ་ཡོང་གི་འདུག

རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ངོ་གདོང་རང་ལ་བལྟས་ནས་བཤད་ན་བོད་དོན་ལ་རྒྱབ་སྐྱོར་བྱེད་སྟངས་དང་། ཡུ་ཀི་རེན་ལ་རྒྱབ་སྐྱོར་བྱེད་སྟངས་ལ་ཚད་མཐོ་དམན་ཧ་ཅང་ཆེན་པོ་ཡོད་ལ། དེ་ལྟར་བྱུང་བའི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་ཐོག་ནས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ངེས་རེད། ཡུ་ཀི་རེན་ལ་མཚོན་ན་ཡུ་རོབ་དང་། ཨུ་རུ་སུའི་ས་མཚམས་སུ་ཁེལ་ཡོད་པས་ཨུ་རུ་སུས་ཡུ་ཀི་རན་དབང་བསྒྱུར་བྱས་པའི་དབང་དུ་བཏང་ན། དེའི་རྗེས་ནས་རིམ་པས་ཡུ་རོབ་ཏུ་དཔུང་འཇུག་བྱ་རྒྱུའི་ཉེན་ཁ་ཆེ་བ་དང་། སྐབས་དེར་ཡུ་རོབ་ཙམ་མ་ཡིན་པར་ནེ་ཊོ་(ΝΑΤΟ)མཐུན་ཕྱོགས་རྒྱལ་ཁབ་ཁག་དང་། ཨུ་རུ་སུའི་དབར་དམག་འཁྲུག་ཤོར་རྒྱུའི་ཉེན་ཁ་ཡོད་པ་དང་དེ་ལ་བརྟེན་ནས་འཛམ་གླིང་དམག་ཆེན་གསུམ་པ་ལང་རྒྱུའི་ཉེན་ཁ་ཡོད་པས་རེད་ཅེས་བརྗོད་ཆོག ད་དུང་ཕྱོགས་གཅིག་ནས་ད་ལྟའི་ཆར་འཛམ་གླིང་གི་སྣེ་ཁྲིད་མཁན་ལྟ་བུ་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཡིན་པས། ཡུ་ཀི་རེན་ཨ་རི་སོགས་ཀྱི་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་རེད་ཅེས་བརྗོད་ཀྱང་ད་ལྟའི་ཆར་ཡོངས་གྲགས་སུ་གྱུར་ཡོད།

དོན་དངོས་སུ་གོང་དུ་དྲངས་པའི་རྒྱུ་མཚན་གཉིས་ཀ་ད་ལན་ཨ་རི་དང་ཡུ་རོབ་སོགས་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཡུ་ཀི་རེན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་ཐུབ་པའི་རྒྱུ་མཚན་གཙོ་བོ་མ་རེད། དང་པོ་ཨུ་རུ་སུས་ཡུ་ཀི་རེན་ལ་བཙན་འཛུལ་བྱེད་སྐབས་ཨ་རིའི་གཞུང་ནས་ཨུ་རུ་སུ་ལ་ཁ་རྡུང་མང་པོ་བཏང་ཡོད་ཀྱང་། དོན་དུ་ཉིན་ཁ་ཤས་ནང་ཨུ་རུ་སུས་ཡུ་ཀི་རེན་དབང་བསྒྱུར་བྱེད་ངེས་ཡིན་པའི་ཚོད་དཔག་བྱས་ཡོད། དཔེར་ན་ཡུ་ཀི་རེན་གྱི་སྲིད་འཛིན་ཛེ་ལེན་ སི་ཀེ་(ςολοδψμψρ Ζελενσκψψ)ལ་ཨ་རིའི་གཞུང་གིས་ཁྱེད་རང་ཨ་རིར་སྐྱབས་བཅོལ་དུ་ཕེབས་དང་། ང་ཚོས་ཁྱེད་ལ་སྲུང་སྐྱོབ་བྱེད་ཆོག་ཅེས་བརྗོད་ཡོད་ཀྱང་། ཡུ་ཀི་རེན་གྱི་སྲིད་འཛིན་གྱིས་ང་ཤི་ཡང་སྐྱབས་བཅོལ་དུ་འགྲོ་གི་མིན། ང་ཚོས་མུ་མཐུད་དུ་ཨུ་རུ་སུ་ལ་ཁ་གཏད་གཅོག་གི་ཡིན་པས། གོ་མཚོན་དང་དམག་དཔུང་གིས་རོགས་རམ་དགོས་པའི་འབོད་སྐུལ་ཡོངས་གྲགས་སུ་བྱས་ནས། ཨུ་རུ་སུ་ལ་ཁ་གཏད་བཅགས་ཏེ་ད་བར་ཟླ་གསུམ་ཙམ་རིང་དམག་འཁྲུག་བྱས་ཀྱང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་ཐུབ་མེད།

ཨ་རི་སོགས་ཀྱིས་ཡུ་ཀི་རེན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ཡུ་ཀི་རེན་གྱི་འགོ་འཁྲིད་དང་མི་མང་ཚང་མ་ལ་ཨུ་རུ་སུ་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡིན་ཡང་དེ་ལ་ཁ་གཏད་གཅོག་རྒྱུའི་སྤོབས་པ་ཡོད་པ། རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་ཐུབ་པའི་བློ་ཁོག་ཡོད་པ་དེ་ལ་བརྟེན་ནས་ད་ལྟའི་ཆར་རོགས་རམ་མང་པོ་ཐོབ་པ་ཞིག་ལས། ཨ་རིས་ཚོད་དཔག་བྱས་པ་བཞིན་དམག་འཁྲུག་འགོ་འཛུགས་སྐབས་ནས་ཡུ་ཀི་རེན་གྱི་སྲིད་འཛིན་སྐྱབས་བཅོལ་དུ་ཕྱིན་ཡོད་ན། ད་ལྟའི་ཆར་ཡུ་ཀི་རེན་ཨུ་རུ་སུས་དབང་བསྒྱུར་བྱས་ཟིན་པ་དང་། དེ་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་བྱེད་ཡུལ་གང་ཡང་ལྷག་མེད། རྒྱལ་སྤྱིའི་སྒང་ནས་རྒྱབ་སྐྱོར་བྱེད་དང་མི་བྱེད་ཅེས་པ་དེ་དོ་བདག་གི་ཆོད་སེམས་དང་བློས་གཏོང་ལ་གཙོ་བོ་རག་ལས་ཡོད་པ་དང་། དེའི་ཐོག་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བ་ཅི་ཙམ་ཆེ་བ་དེའི་ཚོད་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་གོ་སྐབས་ཡོད་པས། ད་ཆ་རྒྱ་ནག་ཀྱང་རྒྱལ་སྤྱིའི་སྒང་ནས་ཁ་གཏད་གཅོག་ཡུལ་ཆེ་ཤོས་སུ་གྱུར་ཟིན་པས་བོད་དོན་རྒྱབ་སྐྱོར་ལ་གོ་སྐབས་མེད་པ་མིན།

མདོར་ན་ད་བར་བོད་དོན་ལ་རྒྱབ་སྐྱོར་ཐོབ་པ་དེ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་ནས་མ་ཡིན་པ། འདས་པའི་ལོ་ཤས་སྔོན་ཤར་ཏུར་ཀི་སི་ཐན་གྱི་ལས་འགུལ་ག་འདྲ་སྤེལ་ཡོད་མེད་དང་། ད་ལྟའི་ཆར་བོད་དོན་ལས་ཤར་ཏུར་ཀི་སི་ཐན་ལ་རྒྱབ་སྐྱོར་ཆེ་བ་ཡོད་པ་དེའི་ཐོག་ནས་ར་སྤྲོད་བྱེད་ཐུབ། བོད་པས་ངོས་ནས་རྒྱ་གཞུང་ལ་གཏད་གཅོག་རྒྱུ་མིན་པའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ན། དེ་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་བྱེད་དཀའ་བ་དང་། ལྷག་པར་དུ་“ད་ལྟའི་ཆར་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་”ཅེས་སྲིད་སྐྱོང་གིས་ཁས་བླངས་ཡོང་དུས། རྒྱལ་ཁབ་གཞན་ཞིག་གིས་བོད་དོན་ལ་དོན་གྱིས་རྒྱབ་སྐྱོར་ག་འདྲ་ཞིག་བྱེད་སྲིད། བོད་པ་རང་ངོས་ནས་རྒྱ་དམར་གཞུང་གི་མཉམ་དུ་སྡོད་རྒྱུ་ལས། རྒྱ་ནག་དང་ཁ་བྲལ་བྱ་རྒྱུའི་ཆོད་སེམས་དང་ལངས་ཕྱོགས་གཏན་ནས་མེད་ན། བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་ཐོག་ནས་བེད་སྤྱོད་དང་ནུས་པ་གང་ཡང་མེད་པ་མ་ཟད། མ་འོངས་པར་རིམ་པས་མི་ཚང་རེ་ཟུང་དང་མི་རེ་ཟུང་གི་གནད་དོན་ནམ་ཁེ་ཕན་ཙམ་དུ་འགྱུར་སྲིད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།