གདོད་མའི་ཚོ་པ་ཞིག་གི་མི་མཐའ་མ་དེ་གྲོངས་འདུག
ཟླ་འདིའི་ཚེས་༣༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བ་རྰ་ཛིལ་གྱི་ནང་དུ་ཡོད་པའི་གདོད་མའི་ཚོ་བ་ཞིག་གི་མི་མཐའ་མ་དེ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག
མི་དེའི་མིང་ལ་ཅི་ཞིག་ཟེར་གྱི་ཡོད་མེད་མི་ཤེས་ཀྱང་། ཁོང་གིས་ཤིང་ནགས་སུ་ས་དོང་མང་པོ་བྲུས་ནས་རི་དྭགས་རྔོན་བྱེད་ལ་བེད་སྤྱོད་བྱེད་ཀྱིན་ཡོད་པར་བརྟེན། ཡོངས་གྲགས་སུ་ཁོང་ལ་ཁུང་བུ་འབྲུ་མཁན་ཞེས་བརྗོད་བཞིན་འདུག ཁོང་ཉིད་ཤི་བའི་སྐབས་སུ་དགོང་ལོ་༦༠ ཙམ་ཟིན་ཡོད་པ་ཚོད་དཔག་བྱེད་ཀྱིན་འདུག་ལ། འདས་པའི་ལོ་ངོ་༢༦ རིང་ཁོང་གིས་ཤིང་ནགས་སུ་ཁེར་རྐྱང་ངང་འཚོ་བ་བསྐྱལ་ཡོད་པའི་གནས་ཚུལ་ཐོན་འདུག
གདོད་མའི་ཚོ་བ་དེའི་མི་མང་ཆེ་བ་ནི་སྤྱི་ལོ་༡༩༧༠ ནང་དུ་ས་ཞིང་རྒྱ་སྐྱེད་གཏོང་མཁན་གྱི་ཕྱུགས་རྫི་དང་ཞིང་པ་ཚོས་བསད་ཡོད་པ་དང་། སྤྱི་ལོ་༡༩༩༥ ལོར་གདོད་མའི་ཚོ་བ་དེའི་ནང་གི་མི་དྲུག་མ་གཏོགས་ལྷག་མེད་ཀྱང་། ལོ་དེའི་ནང་དུ་ཁྲིམས་འགལ་གྱིས་གཏེར་ཁ་བསྔོ་མཁན་དག་གིས་ཚོ་བ་དེའི་ཁོངས་ཀྱི་མི་ལྔ་བསད་ཡོད་འདུག་པས། དུས་དེ་ནས་བཟུང་ཁོང་ཉིད་ནི་ཚོ་བ་དེའི་ནང་གི་གསོན་པོ་འཚོ་གནས་བྱེད་མཁན་གཅིག་པུ་གྱུར་ཡོད་འདུག
སྤྱི་ལོ་༡༩༩༦ ལོ་བ་རྰ་ཛིལ་གྱི་ནང་དུ་ཡོད་པའི་ཡུལ་སྐྱེས་ལས་དོན་ལས་ཁུངས་ཀྱིས་ཁོང་ཉིད་གསོན་པོ་གནས་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁོང་གི་ཆེད་དུ་ཁོང་ཉིད་ཀྱི་འཚོ་བ་བསྐྱལ་སའི་ས་ཁུལ་དག་ལ་སྲུང་སྐྱོབ་བྱས་ཡོད་འདུག
འདས་པའི་ལོ་ངོ་དུ་མའི་རིང་ཁོང་གིས་ཕྱི་མི་སུ་གཅིག་ལ་འབྲེལ་བ་བྱས་མེད་པར་བརྟེན། ཁོང་གིས་སྐད་གང་ཞིག་བེད་སྤྱོད་གཏོང་གི་ཡོད་པ་དང་མི་རྒྱུད་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་མེད་སོགས་ཀྱི་ཐོག་ལ་གསལ་བོ་ཤེས་རྟོགས་མེད་པ་རེད་འདུག འདས་པའི་ལོ་ངོ་མང་པོའི་རིང་ཁོང་གིས་ཁྱོན་བསྡོམས་ཁང་ཆུང་ལྔ་བཅུ་ལྷག་བརྩིགས་ཡོད་པའི་གནས་ཚུལ་ཐོན་འདུག
བ་རྰ་ཛིལ་གྱི་ནང་དུ་གདོད་མའི་ཚོ་བ་མ་འདྲ་བ་༢༤༠ ལྷག་ཡོད་པ་དང་དེ་དག་མང་ཆེ་བ་ནི་ཁྲིམས་འགལ་གྱིས་གཏེར་ཁ་བསྔོ་མཁན་དང་ནགས་ཚལ་འབྲེག་གཅོད་བྱེད་མཁན་གྱི་ཞིང་པ་སོགས་ཀྱི་འཇིགས་སྐུལ་འོག་ཏུ་ལྷག་གི་ཡོད་པ་དང། གདོད་མའི་ཚོ་བ་དེ་རྣམས་ཀྱི་འགོག་སྲུང་མ་ལག་གི་ནུས་པ་ཞན་པོ་ཡོད་པའི་རྒྱུ་མཚན་གྱིས། ཕྱི་ལོགས་སུ་ཡོད་མཁན་ཚོ་དང་འབྲེལ་བ་བྱས་ན། ཁོང་ཚོ་ལ་རིམས་ནད་འགོས་ནས་འཆི་སྐྱོན་ཡོང་གི་ཡོད་པ་རེད་འདུག
ཐེངས་འདི་གདོད་མའི་ཚོ་བ་ཞིག་གི་མི་མཐའ་མ་དེ་ཤི་བ་ནི་འཇིག་རྟེན་འདིའི་ཐོག་ཏུ་གདོད་མའི་ཚོ་བ་ཞིག་རྩ་མེད་དུ་འགྲོ་བ་ཡང་རེད་འདུག
གསར་འགོད་པ་བློ་བཟང་རྒྱ་མཚོ།