གནམ་གྲུ་བརྡབ་སྐྱོན་འོག་འགྲུལ་པ་བཞི་མ་གཏོགས་ཚང་མ་འདས་གྲོངས་སུ་ཕྱིན་འདུག

ཟླ་འདིའི་ཚེས་༡༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་དུ་གནམ་གྲུ་བརྡབ་སྐྱོན་ཤོར་ནས་འགྲུལ་བ་༧༢ ལས་༦༨ འདས་གྲོངས་སུ་ཕྱིན་ཡོད་པ་དང་འགྲུལ་བ་༤ ཞིག་འཚོལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༥ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་གྲུ་(Kathmandu) ནས་སྤོག་ར་(Pokhara) བར་འཕུར་བསྐྱོད་བྱེད་མཁན་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ཡོད་འདུག གནམ་གྲུ་དེའི་ནང་དུ་བལ་ཡུལ་གྱི་མི་༥༧ དང་རྒྱ་གར་གྱི་མི་ལྔ། ཨུ་རུ་སུའི་མི་བཞི་དང་ལྷོ་ཀོ་རི་ཡའི་མི་གཉིས། ཨར་ཇེན་ཌི་ན་དང་ཨོ་སི་ཊི་ལི་ཡ། ཨར་ལན་ཌི་དང་ཧྥ་རན་སི་བཅས་ཀྱི་མི་གཅིག་རེ་བཅས་ཁྱོན་བསྡོམས་འགྲུལ་བ་༧༢ ལས་མི་༦༨ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་བཞི་ཞིག་ད་དུང་ཡང་འཚོལ་བཞིན་ཡོད་འདུག་པས། གནམ་གྲུ་བརྡབ་སྐྱོན་དེ་ནི་འདས་པའི་མི་ངོ་༣༠ ནང་གི་བརྡབ་སྐྱོན་བྱུང་བའི་གནས་ཚུལ་ཆེ་ཤོས་ཤིག་ཆགས་ཡོད་འདུག

བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་གྲུ་ནས་སྤོག་རའི་བར་གནམ་གྲུའི་ནང་དུས་ཡུན་སྐར་མ་༢༧ མ་གཏོགས་འགོར་གྱི་མེད་པ་མ་ཟད། གནམ་གྲུ་འཕུར་བསྐྱོད་ཀྱི་སྐབས་སུ་གནམ་གཤིས་ཀྱང་ཡག་པོ་ཡོད་འདུག་པས་ད་ལྟའི་ཆར་གནམ་གྲུ་རྡབ་སྐྱོན་བྱུང་བའི་རྒྱུ་མཚན་གང་ཡིན་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་འདུག  ཕྱི་ལོ་༡༩༩༢ ལོ་པ་ཀི་སི་ཐན་ནས་བལ་ཡུལ་དུ་ཡོང་མཁན་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ནས་འགྲུལ་མི་༡༦༧ ཡོད་པ་ཚང་མ་འདས་གྲོངས་སུ་ཕྱིན་ཡོད་འདུག་པ་ནི་ད་བར་གནམ་གྲུ་བརྡབ་སྐྱོན་གྱི་གནས་ཚུལ་ཆེ་ཤོས་དེ་ཆགས་ཡོད་འདུག་ལ། ཕྱི་ལོ་༢༠༠༠ ནས་ད་བར་གནམ་གྲུ་བརྡབ་སྐྱོན་གྱིས་མི་གྲངས་༣༥༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག བལ་ཡུལ་ནི་འཛམ་གླིང་ནང་རི་བོ་མཐོ་ཤོས་བརྒྱད་ཡོད་ས་དང་དུས་ནས་དུས་སུ་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བཞིན་པ་དེ་ཡིས་གནམ་གྲུ་འཕུར་བསྐྱོད་ལ་ཉེན་ཁ་བཟོ་ཡི་ཡོད་འདུག

བལ་ཡུལ་གྱི་གནམ་གྲུའི་བདེ་འཇགས་ཀྱི་ཚད་གཞི་ཧ་ཅང་ཞན་པོ་ཡོད་པའི་དབང་གིས་ཕྱི་ལོ་༢༠༡༣ ལོར་ཚོགས་མི་རྒྱལ་ཁབ་༢༧ ཡོད་པའི་ཡུ་རོབ་མནའ་འབྲེལ་གྱིས་བལ་ཡུལ་ནས་གནམ་གྲུ་འཕུར་རྒྱུ་ལ་བཀག་སྡོམ་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།