གནས་ཆུང་གི་བཀའ་ལུང་ལྟར་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ།
འདི་ལོའི་བོད་ཀྱི་ལོ་གསར་ཚེས་བཅུའི་ཉིན་བོད་མིའི་སྒྲིག་འཛུགས་བཀག་ཤག་ནས་གནས་ཆུང་སྤྱན་འདྲེན་ཞུས་སྐབས། ཆོལ་གསུམ་ཆོས་བརྒྱུད་གཅིག་ཏུ་བསྒྲིལ་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་དགོས་པའི་བཀའ་ལུང་ཕེབས་དོན་ལྟར། ཟླ་༥ པའི་ཚེས་༡༧ ཉིན་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་རེད།
འདི་ལོའི་བོད་ཀྱི་ལོ་གསར་ཚེས་བཅུའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གནས་ཆུང་སྤྱན་འདྲེན་ཞུས་སྐབས། ཆོལ་གསུམ་ཆོས་བརྒྱུད་གཅིག་ཏུ་བསྒྲིལ་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་དགོས་པའི་བཀའ་ལུང་ཕེབས་དོན་ལྟར། ཟླ་༥ པའི་ཚེས་༡༧ ཉིན་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་རེད།
ཟླ་༣ པའི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཞིག་བསྐོང་འཚོགས་གནང་སོང་། དེའི་ཐོག་བཀའ་དྲུང་ཚེ་རིང་སྟོབས་རྒྱལ་གྱིས་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་སྦྱངས་གནང་བའི་ནང་། “འདི་ལོའི་དགུང་གསར་ཚེས་བཅུའི་གཟབ་གསོལ་སྤྱན་འདྲེན་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་ནས་༧རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་བསྟན་སྲིད་བདེ་ཐབས་སུ་རྡོ་རྗེའི་བཀའ་ལུང་བསྩལ་ཁྲོད། ཆོལ་གསུམ་ཆོས་བརྒྱུད་གཅིག་ཏུ་བསྒྲིལ་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་གསོལ་འདེབས་ཕུར་ཚུགས་གནད་སྨིན་ཞུ་དགོས་ཕེབས་འབྲེལ། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོང་གསལ་བཀའ་ལུང་དགོངས་དོན་བརྟན་བཞུགས་བསྟར་འབུལ་ཆོག་པའི་གསོལ་འདེབས་༧སྙན་གསེང་ཞུས་པར་བཀའ་བཞེས་བཟང་པོ་སྤྱི་སྨིན་བྱུང་བ་ལྟར། བོད་རྒྱལ་ལོ་༢༡༤༦ རབ་གནས་ས་ཕག་བོད་ཟླ་༣ ཚེས་༡༤ ཕྱི་ལོ་༢༠༡༩ ཟླ་༥ ཚེས་༡༧ གཟའ་ཚེས་དགེ་བའི་ཉིན་འཕགས་ཡུལ་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ངོས་ནས། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་སྐྱབས་གནས་དང་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་འདི་ལོ་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་༧རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ། ༧རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་སོང་བ་དང་། བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ཀྱི་དད་དམ་དང་སྤྱི་མཐུན་དགེ་ཚོགས་འབྲེལ་མཚོན་ཕྱིར་བོད་མི་མི་རེ་ངོ་རེ་ནས་སོ་སོའི་གནས་ཡུལ་གྱི་སྒོར་༥་༢༥ རེ་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། དེ་ལས་བརྒལ་བ་ཞལ་འདེབས་འབུལ་བློ་ཡོད་ཚེ་ཆོག་རྒྱུའང་། སེར་སྣ་དང་གཏམ་དོན་སོགས་ཀྱི་དྲི་མས་མ་གོས་པར་བསམ་པ་རྣམ་དག་གིས་བློས་བཅད་བྱས་པ་ཞིག་ངེས་པར་དགོས་རྒྱུ། ཞལ་འདེབས་འབུལ་ཕྱོགས་རང་ཉིད་གནས་ཡུལ་དང་འབྲེལ་ཆགས་ས་གནས་འགོ་འཛིན་ལས་ཁུངས་སམ། སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་༥ ཚེས་༡ གོང་ཚུད་དྷ་རམ་ས་ལ་ཆོས་རིག་ལས་ཁུངས་སུ་འབུལ་གཏོང་ཐུབ་པ་དགོས་རྒྱུ། གནས་ཚུལ་གཞན་རྣམས་གཞུང་འབྲེལ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་སོང་བ་ནས་རིམ་པས་གསལ་ཆ་ཡོང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ་”ཞེས་འཁོད་འདུག
སྲིད་སྐྱོང་མཆོག་གིས་དེ་སྔོན་༧གོང་ས་མཆོག་གི་དགུང་ཀེག་སྔོན་འགྲོའི་སྐབས་སུ། རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་སྐལ་བཟང་ཐོབ་ཡོད་པ་དང་། འདི་ལོར་༧གོང་ས་མཆོག་གི་དགུང་ཀེག་དངོས་གཞི་ཕེབས་ཀྱི་ཡོད་པས། བོད་གཞུང་མང་གཉིས་ལ་འགན་ཡོད་པ་ལྟར། བརྟན་བཞུགས་ཕུལ་རྒྱུའི་བསམ་བློ་ཡོད་དེ། གནས་ཆུང་གི་བཀའ་ལུང་ཕེབས་པ་དང་། ༧གོང་ས་མཆོག་ལ་གསོལ་འདེབས་སྙན་སེང་ཞུས་པ་ལྟར་བཀའ་བཞེས་བཟང་པོ་བྱུང་བ་ཡིན་པ་དང་། བོད་མི་རྣམས་ཀྱིས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་སྨོན་ལམ་འདེབས་རྒྱུ་གལ་ཆེན་ཡིན་པའི་ཐོག རྒྱུན་དུ་ནས་༧གོང་ས་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ནས་ལག་ལེན་བསྟར་རྒྱུ་གལ་ཆེན་ཡིན་པ་དང་། ཐེངས་འདིར་བརྟན་བཞུགས་ཕུལ་རྒྱུའི་འགན་དེ་བོད་མིའི་སྒྲིག་འཛུགས་ཀྱིས་འཁུར་གྱི་ཡོད་པ་སྐལ་བ་བཟང་པོ་ཡིན་པ་དང་། བོད་མི་རྣམས་ཀྱིས་ཀྱང་མཉམ་ཞུགས་ཀྱིས་ཞལ་འདེབས་ཕུལ་རྒྱུའི་གདམ་ག་ཡོད་པས་ཞལ་འདེབས་ཕུལ་རོགས་ཞེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།