གཙང་སེལ་དང་རེ་བསྐུལ།
ཕྱི་ལོ་ ༢༠༡༥ ། ༠༣ ། ༡༩ ། ཉིན་གྱི་གྲོས་ཚོགས་ཀྱི་ཐད་ནས་ཚིག་གསུམ་ཞུ་འདོད་བྱུང་། ང་ཚོའི་གྲོས་ཚོགས་ར་བ་དེའི་ནང་གི་མི་ཚང་མ་ཁ་ནས་གཤོང་ལ་ལྟ་མཁན། སྟོང་ལུག་ཞོལ་ལ་ཕབ་མཁན་རྐྱང་རྐྱང་ཡིན་དུས་ང་ལྟ་བུ་མི་སེར་དཀྱུས་མ་སློབ་སྦྱོང་མེད་མཁན་ཞིག་དང་།
གཡུ་སྒང་དགེ་འདུན།
ཕྱི་ལོ་ ༢༠༡༥ ། ༠༣ ། ༡༩ ། ཉིན་གྱི་གྲོས་ཚོགས་ཀྱི་ཐད་ནས་ཚིག་གསུམ་ཞུ་འདོད་བྱུང་། ང་ཚོའི་གྲོས་ཚོགས་ར་བ་དེའི་ནང་གི་མི་ཚང་མ་ཁ་ནས་གཤོང་ལ་ལྟ་མཁན། སྟོང་ལུག་ཞོལ་ལ་ཕབ་མཁན་རྐྱང་རྐྱང་ཡིན་དུས་ང་ལྟ་བུ་མི་སེར་དཀྱུས་མ་སློབ་སྦྱོང་མེད་མཁན་ཞིག་དང་། སྤྱི་ཚོགས་ནང་སྤྱི་པའི་ལས་དོན་གང་ཡང་སྒྲུབ་མ་མྱོང་མཁན་ཞིག་གིས་བཤད་ན་མི་འོས་པ་ཞིག་རེད་དེ། ཡིན་ནའང་། རང་ཉིད་བོད་པ་ཞིག་ཡིན་པ་དང་། གྲོས་ཚོགས་ར་བ་དེའི་ནང་གི་ཆོལ་ཁའི་མི་བཅུ་དེ་འདེམས་བྱ་འདེམས་བྱེད་ཀྱི་ཐོབ་དབང་ཡོད་མཁན་ཞིག་ཡིན་པས་ཆ་ནས་བཤད་འདོད་བྱུང་།
སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ར་བ་དེར་སྤྱི་རྒྱུ་སྒེར་སྤྱོད་དང་མི་གསོད་ཁྲག་སྦྱོར་སོགས་ཀྱི་འཐུས་མི་ཡོད་པར་ཡར་ལངས་ཏེ་རང་གི་ཚིག་ལ་རང་གིས་འགན་འཁུར་ནས་བཤད་པ་ཡིན་དུས་ངེས་པར་ཏུ་གྲོས་ཚོགས་ར་བ་དེའི་ཕྱི་ལོགས་སུ་ཐོན་ཏེ་ཁྲིམས་ཐོག་ལ་སྐྱེལ་རོགས་གནང་ཞུ་དགོས་པ་ཞིག་དང་། གལ་སྲིད་ཁྱེད་ཀྱིས་གྲོས་ཚོགས་ར་བ་དེར་ཉེས་ཅན་པ་ཡོད་པ་གསལ་ཐག་ཆོད་པ་ཤེས་ཡོད་ན། ཁྲིམས་ལ་འགྲོ་ས་མེད་པའི་གྲོས་ཚོགས་ར་བའི་ནང་ཉོག་བཤད་མ་གནང་བར་ཉེས་ཅན་པ་དེ་ཚོ་ནག་ན་ནག་ཐག་ཆོད་ཅིག་དང་། དཀར་ན་དཀར་ཐག་ཆོད་ཅིག་བྱེད་རྒྱུའི་རེ་བ་ཡོད། དེ་ལྟར་བྱས་ན་ཆོལ་ཁའི་སྤྱི་འཐུས་ཁག་གཙང་སེལ་ཐུབ་སོང་བ་ཡིན་པས་གྲོས་ཚོགས་ར་བ་དེ་ནས་འགན་ཁུར་ནས་བཤད་པར་དོན་གོ་ཆོད་པ་རེད། དེ་མ་གཏོགས་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེས་མི་སེམས་ལ་ཚིག་དང་། ཁྱི་སེམས་ལ་རྡོ་ཞེས་པ་དེར་གྱུར་ཡོད་པས་དེས་ཕན་པ་ལས་གནོད་པ་ཤུགས་ཆེ། ཐ་ན་ཆོལ་ཁའི་ཆིག་སྒྲིལ་ལའང་གནོད་སྐྱོན་ཡོང་ཐག་ཆོད་རེད་སྙམ།
ངས་ཆབ་སྲིད་ཀྱི་སྐོར་དང་མིའི་སྐྱོན་འཚང་སྔོག་འདོན་སོགས་ཤེས་ཀྱི་མེད་དེ། ཡིན་ནའང་རང་ཉིད་ཀྱི་དངོས་སུ་མཐོང་བའི་ལས་དོན་རིགས་ལ་དབྱེ་མཚམས་ཕྱེ་ཀྱི་ཡོད། དེར་བརྟེན་གྲོས་ཚོགས་ར་བ་དེའི་ནང་དུ་ཡོད་པ་ཚང་མ་ང་ཚོ་མང་ཚོགས་ཀྱིས་འདེམས་པ་ཞིག་རེད་ལ། མང་ཚོགས་ཀྱི་ཚབ་མཚོན་ཅི་ཐུབ་གང་ཐུབ་བྱེད་བཞིན་པའང་ཧ་ཅང་གསལ་པོ་རེད། ཁྱོད་ཀྱིས་ཤེས་ཡོད་པའི་ཉེས་ཅན་དེ་ཚོས་འཇོན་ཡོད་ཀྱང་འདྲ་མེད་ཀྱང་རུང་གང་ལྟར་ཁོ་ཚོས་རང་ཉིད་ར་བ་དེའི་ནང་དུ་ཡོད་པའི་སྐབས་སུ་ཡིན་ཡང་རེད། ཕྱི་ལོགས་སུ་ཡོད་སྐབས་ཡིན་ཡང་རེད་མི་སེར་དཀྱུས་མར་ཕན་ཅི་ཐོགས་གང་ཐོགས་བྱེད་མཁན་ཡིན་པ་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་དུས་སྐུ་ཞབས་རང་ཉིད་ཀྱིས་མི་མང་གི་ཚབ་བྱས་ཏེ་གྲོས་ཚོགས་ར་བ་དེར་ཡོད་དུས་དང་། ཡང་ན་ཕྱི་ལོགས་སུ་ཡོད་སྐབས་སོགས་ཕན་འབྲས་ཅན་གྱི་ཕྱག་ལས་ག་རེ་གནང་ཡོད་མེད། གྲོས་ཚོགས་ཚོགས་དུས་ཐེངས་བརྒྱད་ཀྱི་རིང་རྙོག་གྲ་དེ་མ་གླེང་བར་ཁ་ཙུམ་ནས་སྡོད་པ་དང་། ད་རེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་སྲིད་སྐྱོང་གི་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་འདིར་རང་གིས་བཤད་པའི་སྐད་ཆ་རང་གིས་འགན་འཁུར་ནས་བཤད་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲི་རྟགས་ཤིག་ངང་ངམ་ཞིག་གེར་བབས་ཡོང་བ་ཞིག་རེད་སྙམ། གཞན་སྤྱི་འཐུས་སྤྱི་ཡོངས་ནས་ཁྱི་བརྒྱུགས་ན་ཅི་བྱེད། རྡོ་ཚར་ན་ཅི་བྱེད་ཀྱི་དཔེ་ལྟར། རྒྱ་ནག་གིས་ང་ཚོར་དཀའ་ངལ་སྤྲད་བཞིན་པའི་ཐད་དང་གཞོན་སྐྱེས་ཚོར་བོད་པའི་དྲི་མ་ཙམ་ཡང་མ་ཡལ་བ་ཞིག་གི་ཐད་ལ་བཀའ་མོལ་མང་དུ་གནང་དགོས་པ་གནད་འགག་ཅིག་རེད་སྙམ། དཔའ་བོའི་ཁུ་ཚུར་དགྲ་སྟོན་རྒྱུ་དེ་གླེན་པའི་ཁུ་ཚུར་མ་ལ་མ་སྟོན་རོགས་གནང་ཞུ་རྒྱུ་དེ་ཡིན།།