གཞིས་བྱེས་ལྷན་འཛོམས་བོད་ཀྱི་རིག་གཞུང་དགོང་ཚོགས་ཐེངས་དང་པོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཚོགས།

ཟླ་༧ ཚེས་༣ ཉིན་སྤྱི་ཟུར་ངག་དབང་ཐར་པས་གོ་སྒྲིག་གནང་བའི་གཞིས་བྱེས་ལྷན་འཛོམས་བོད་ཀྱི་རིག་གཞུང་དགོང་ཚོགས་དེ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་བོད་རིགས་སྤྱི་ཁང་ནང་འཚོགས་ཡོད་པ་རེད། སྐབས་དེར་ས་གནས་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམ་པ་དང་། ས་གནས་ཀྱི་གནད་ཡོད་མི་སྣ། གཞན་ཡང་ས་གནས་ཀྱི་མི་མང་ཆེས་མང་པོ་མཉམ་ཞུགས་གནང་འདུག

ཉིན་མོ་དེ་༸གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་པ་ཁེལ་ཙང་། ནིའུ་ཡོག་མི་མང་ལྷག་དཀར་ཚོགས་པ་དང་། གཞིས་བྱེས་ལྷན་འཛོམས་བོད་ཀྱི་རིག་གཞུང་དགོང་ཚོགས་གཉིས་ཀྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྤྲི་གོར་བཏུབ་པ་སོགས་སྲུང་བརྩི་གཟབ་རྒྱས་གནང་སོང་། སྐབས་དེར་བོད་ཀྱི་སྲོལ་རྒྱུན་ཟློས་གར་དང་། དེང་དུས་སྒོར་གཞས། རིག་གཞུང་གི་འཁྲབ་སྟོན་སོགས་གནང་བ་མ་ཟད། གཞིས་བྱེས་ལྷན་འཛོམས་ཞེས་པའི་རིག་གཞུང་ཚགས་པར་ཞིག སྤྱི་ཟུར་ངག་དབང་ཐར་པས་དབུ་འབྱེད་གནང་ནས་རིན་མེད་ངང་འགྲེམ་སྤེལ་གནང་སོང་།


མཚན་ཚོགས་དེ་འཚོག་དགོས་པའི་དམིགས་ཡུལ་སྐོར་སྤྱི་ཟུར་ངག་དབང་ཐར་པས་གསུང་བཤད་གནང་དོན།
དེ་རིང་གི་དུས་ཚོད་བསྐལ་བ་བཟང་པོ་ཞིག་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤག་བཅོས་ལེགས་གྲུབ་བྱུང་བའི་དུས་བཟང་དང་། སངས་རྒྱས་སྐུ་ཤ་རློན་པ་ཁོང་ས་གནས་ནིའུ་ཡོག་ལ་བཞུགས་ཡོད་པ་མ་ཟད། ང་ཚོའི་མཚན་ཚོགས་དེ་ཁོང་གི་འཁྲུངས་སྐར་རམ་བླ་གཟའ་ལྷག་དཀར་ཉིན་མོ་དང་སྟབས་ཁེལ་བས་དུས་བཟང་ཞིག་ཆགས་ཡོད་པས་བསྐལ་བ་བཟང་པོ་རེད།
གཞིས་བྱེས་ལྷན་འཛོམས་ནི་ང་ཚོ་གསོན་པོའི་རེ་བ་དང་། ཤི་བོ་ཚོའི་ཁ་ཆེམས་རེད། ང་ཚོའི་སྤྱི་ཚོགས་ནང་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་དར་སྤེལ་བྱེད་དགོས་པའི་བཀའ་སློབ་དང་སྐད་ཆ་ཤོད་མཁན་མང་པོ་རེད། དོན་དག་ལག་པ་འཆང་ནས་ལས་དོན་སྒྲུབ་མཁན་མང་པོ་ཡོད་མ་རེད་ཅེས་དང་། ང་ཚོར་མཚན་ཚོགས་འདི་ལོ་སྔོན་མ་ནས་གོ་སྒྲིག་བྱེད་ཡས་ཀྱི་བསམ་བློ་ཡོད་རེད་དེ། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ལྟས་དུས་ཁག་པོ་ཆགས་པ་རེད།

ད་ལོ་ང་ཚོས་གོ་སྒྲིག་ཞུས་པ་ཡིན་ན། གཅིག་ནས་ས་གནས་ཀྱི་དཀའ་རྙོག་དེ་ཚོ་གཙང་མ་ཆགས་ཟིན་པས། ས་གནས་མི་མང་རྣམས་ཕན་ཚུན་འཆམ་མཐུན་ཡོང་བ་དང་། གཉིས་ནས་གཞིས་བྱེས་ལྷན་འཛོམས་ཚགས་པར་དེ་ཡང་རང་ཁ་རང་གསོ་ཆགས་ཐུབ་པ། གསུམ་ནས་གཞོན་སྐྱེས་རྣམས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་སླེབ་ཐུབ་ཐབས་བཅས་ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་ཡོད། ཆོལ་ཁ་གསུམ་གྱི་གནད་ཡོད་མི་སྣ་ཚང་མ་ལ་མགྲོན་བརྡ་དང་བཀའ་མོལ་ཞུས་པ་ཡིན། མང་པོ་ཞིག་དེ་རིང་ཕེབས་འདུག སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་རིག་གཞུང་གི་ཚོགས་སྡེ་ཞིག་ཡིན་པས་ནང་ཁུལ་ཆོལ་ཁ་དང་ལུང་ཚན་གྱི་ལྟ་བ་ལང་ཕྱོགས་དོ་སྣང་བྱེད་འདོད་མེད་ཅེས་དང་།
ཁོང་གིས་མུ་མཐུད་གསུངས་དོན། བོད་ཀྱི་མི་རིགས་དང་། ཆོས། རིག་གཞུང་བཅས་ཀྱི་རྩ་བའི་སྐད་ཡིག་ལ་ཐུག་ཡོད་པ་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད། བོད་ཀྱི་སྐད་ཡིག་རིག་གཞུང་བརླགས་པ་ཡིན་ན། བོད་རང་བཙན་དང་དབུ་མ་ག་རེ་ཐོབ་ཀྱང་སྦ་ཁུག་སྟོང་པ་རྙེད་པ་ལྟ་བུར་ཕན་ཐོགས་ཡོད་མ་རེད། སྐད་ཡིག་སྲུང་སྐྱོབ་ལ་དམིགས་ནས། དེ་སྔོན་ང་ཚོས་གཞིས་བྱེས་ལྷན་འཛོམས་ཞེས་པའི་དྲྭ་རྒྱ་ཞིག་བཟོས་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་ཞབས་ཞུ་མི་དམན་པ་ཞུ་ཐུབ་ཡོད་ལ།

ད་ལན་ཡང་ང་ཚོས་གོམ་པ་གང་མདུན་དུ་སྤོས་ནས། བོད་ཀྱི་རིག་གཞུང་ཚགས་པར་”གཞིས་བྱེས་ལྷན་འཛོམས་’ཞེས་པ་གསར་དུ་འགྲེམ་སྤེལ་ཞུས་པ་ཡིན། དེ་ཡང་། ནིའུ་ཡོག་སོགས་ཕྱིའི་ཡུལ་གྲུ་ཁག་ཏུ་འཚར་ལོངས་ཡོང་བཞིན་པའི་བོད་ཀྱི་མི་རབས་གསར་པ་བོད་ཀྱི་རིག་གཞུང་སྦྱོང་འདུན་ཡོད་མཁན་རྣམས་ལ་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ལྟ་བུ་ཡོང་ཆེད་ཁོ་ནར་དམིགས་ཏེ། བོད་ཀྱི་ལོ་རྒྱུས་དང། གནའ་ཤུལ། རི་ཆུ། བོད་རང་ས་ནས་ཐོན་པའི་ཞིང་འབྲོག་གི་ཡོ་བྱད། སྲོལ་རྒྱུན་གོས་རྒྱན། ཡུལ་གོམས། རིག་དངོས་སོགས་དང་། དེ་བཞིན་བོད་ཀྱི་དམངས་ཁྲོད་ཀྱི་སྒྱུ་རྩལ། གཏམ་དཔེ། གབ་ཚིག གླུ་ཚིག གཞས་ཚིག སོགས་མི་ཉུང་བ་ཞིག་ངོ་སྤྲོད་སླད་དུ་ཕྱོགས་སྒྲིག་ཞུས་ཡོད། གཞན་ཡང་བོད་རང་གི་སྐད་ཡིག་དང་རིག་གཞུང་མ་ཉམས་པའི་ཐོག་ནས་གཞིས་བྱེས་ལྷན་དུ་འཛོམས་རྒྱུ་ནི་ང་ཚོའི་རེ་སྨོན་གཅིག་པུ་དེ་ཡིན།

གཞིས་བྱེས་ལྷན་འཛོམས་ནི་ང་ཚོ་ཐུན་མོང་གི་ད་ལྟའི་རེ་འདུན་དང་། མ་འོངས་པའི་རྨི་ལམ་ཡང་ཡིན་ལ། གཞིས་བྱེས་ལྷན་འཛོམས་ནི་ང་ཚོ་གསོན་པའི་སྟོབས་ཤུགས་དང། རྒྱལ་གཅེས་དཔའ་བོ་ཚོ་གྲོངས་ཁའི་ཞལ་ཆེམས་ཀྱང་ཡིན། གཞིས་བྱེས་ལྷན་འཛོམས་ནི་གཞིས་ཀྱི་རེ་སྒུག་དང་། བྱེས་ཀྱི་ཕུགས་བསམ་ཡིན་ཞིང་། གཞིས་བྱེས་ལྷན་འཛོམས་ནི་མདུན་སྐྱོད་ཀྱི་སྤོབས་པ་དང་། འཐབ་རྩོད་པའི་ཡིད་ཆེས་ཀྱི་གོམ་སྒྲ་དེ་ཡིན། རེ་འདུན་དང་རྨི་ལམ། སྟོབས་ཤུགས་དང་ཞལ་ཆེམས། རེ་སྒུག་དང་ཕུགས་བསམ། མདུན་སྐྱོད་དང་ཡིད་ཆེས། འདི་དག་ནི་ང་ཚོ་བཙན་བྱོལ་བའི་སྙིང་དབུས་སུ་ཟིམ་པ་མེད་པའི་མར་མེ་ཚེ་འབར་དེ་ཡིན་དགོས།

དགྲ་མ་འཛིང་གོང་ནས་ཤི་རྒྱུའི་བསམ་བློ་གཏོང་རྒྱུ་ཡོད་མ་རེད། ཐོབ་ཐབས་ག་འདྲ་བྱེད་དགོས་མིན་བསམ་བློ་གཏོང་དགོས་རེད། ཐོབ་རྒྱུའི་རེ་བ་མི་འདུག་ན་སྲོག་མི་ཤོར་བའི་ཐབས་ཤེས་གཏོང་དགོས་རེད། སྲོག་མ་ཤོར་ན་ག་དུས་ཡིན་ཡང་རྒྱལ་ཁ་ལེན་རྒྱུའི་གོ་སྐབས་ཡོད་རེད། དེ་ནང་བཞིན་ང་ཚོས་དགྲ་བོ་སྟོབས་ཤུགས་ཆེན་པོ་རེད་ཟེར་ནས་ཅི་ཡང་བྱེད་མ་ཕོད་པར་བསྡད་ན། ང་ཚོ་ཤི་བ་ལྟ་བུ་རེད། ང་ཚོ་མི་ཡིན་པ་དང་མི་ཡིན་པའི་ཚོར་བ་སྟོན་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ་ཅེས་སོགས་གསུང་གནང་སོང་།།

གནས་ཚུལ་དག་ས་གནས་ནས་འབྲེལ་ཡོད་གཅིག་གིས་འདི་གར་མཁོ་གཏོང་གནང་བྱུང་།

Leave a Reply

Your email address will not be published. Required fields are marked *