གཞུང་གིས་འཐབ་རྩོད་ཀྱི་ཐོག་ཏུ་ཁ་ཕྱོགས་ནས་ལས་ཀ་བྱེད་རྒྱུ་ཡིན།
“འཛམ་གླིང་ཐོག་དེ་རིང་གི་ཕྱི་སྲིད་ཁོར་ཡུག་དེ་ཨ་རི་དང་། དེ་ལ་ཁ་གཏད་གཅོག་མཁན་རྒྱ་ནག་གཉིས་ཀའི་འགྲན་རྩོད་མངོན་གསལ་ཡིན་པ་མ་ཟད། གདོང་ཐུག་རྒྱག་ཉེན་ཡོད་པ་རེད། རྒྱ་ནག་གི་ཁེ་བཟང་དང་། ཨ་རིའི་ཁེ་བཟང་ཞིག་གཞིར་བཟུང་ནས་བོད་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མི་འདུག་”ཅེས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱསམ་ཀྱིས་གསུངས་སོང་།
“འཛམ་གླིང་ཐོག་དེ་རིང་གི་ཕྱི་སྲིད་ཁོར་ཡུག་དེ་ཨ་རི་དང་། དེ་ལ་ཁ་གཏད་གཅོག་མཁན་རྒྱ་ནག་གཉིས་ཀའི་འགྲན་རྩོད་མངོན་གསལ་ཡིན་པ་མ་ཟད། གདོང་ཐུག་རྒྱག་ཉེན་ཡོད་པ་རེད། རྒྱ་ནག་གི་ཁེ་བཟང་དང་། ཨ་རིའི་ཁེ་བཟང་ཞིག་གཞིར་བཟུང་ནས་བོད་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མི་འདུག་”ཅེས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསུངས་སོང་།
ཟླ་འདིའི་ཚེས་༡༦ ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་དུ། སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་གི་གོ་སྒྲིག་འོག ཁོང་གི་“གཞུང་འཛིན་གསར་པའི་སྲིད་ཇུས་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་རེད།
གཏམ་བཤད་འགོ་འཛུགས་སྐབས་གཞས་པ་“བཙན་བྱོལ་ནང་གི་སྤུན་གསུམ་”གྱིས་བོད་རང་བཙན་དང་འབྲེལ་བའི་གླུ་གཞས་ཤིག་བཏང་རྗེས། གཏམ་བཤད་འགོ་འཛུགས་བྱས་ཡོད་པ་དང་། ཉིན་དེར་མི་ཧ་ཅང་མང་པོ་འཛོམས་ནས་ཚོགས་ཁང་ནང་མ་ཤོང་བ་བྱུང་ཡོད་པ་རེད།
དེ་ཡང་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསུང་དོན། “ད་ལྟའི་བཙན་བྱོལ་བོད་གཞུང་གི་ཕྱག་ལས་གནང་ཕྱོགས་དང་སྲ་བརྟན་དང་རྒྱུན་གནས། ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐོག་གསུང་བསྡད་ཡོད་པ་རེད། མ་འོངས་པར་ང་དང་ངའི་གཞུང་འཛིན་སླེབས་ན། རྒྱུན་གནས་དང་གཞིས་ཆགས་སྲ་བརྟན་གཏོང་དགོས་པ་མ་ཟད། རྩ་དོན་གྱི་འཐབ་རྩོད་ཐོག་འགྱུར་བ་འགྲོ་རྒྱུ་ཡིན་པ་གསལ་བཤད་བྱེད་རྒྱུ་ཡིན། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། བཙན་བྱོལ་བོད་གཞུང་གི་ངོ་བོ་བདག་དབང་དང་རྒྱལ་ཁབ་ཤོར་སོང་བའི་གཞུང་ཞིག་ཡིན་པས། གཞུང་གིས་འཐབ་རྩོད་ཀྱི་ཐོག་ཏུ་ཁ་ཕྱོགས་ནས་ལས་ཀ་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།
མ་འོངས་པར་ཕྱི་འབྲེལ་གྱི་སྲིད་ཇུས་ག་འདྲ་འཛིན་གྱི་ཡིན་སྐོར་དང་འབྲེལ་ནས་གསུང་དོན། “འཛམ་གླིང་ཐོག་དེ་རིང་གི་ཕྱི་སྲིད་ཁོར་ཡུག་དེ་ཨ་རི་དང་། དེ་ལ་ཁ་གཏད་གཅོག་མཁན་རྒྱ་ནག་གཉིས་ཀའི་འགྲན་རྩོད་མངོན་གསལ་ཡིན་པ་མ་ཟད། གདོང་ཐུག་རྒྱག་ཉེན་ཡོད་པ་རེད། རྒྱ་ནག་གི་ཁེ་བཟང་དང་། ཨ་རིའི་ཁེ་བཟང་ཞིག་གཞིར་བཟུང་ནས་བོད་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མི་འདུག དེ་བཞིན་རྒྱ་ནག་གི་སྲིད་ཇུས་གཞིར་བཟུང་ནས་བོད་ཀྱི་སྲིད་ཇུས་ཤིག་བཟུང་ན་ང་ཚོར་ཕྱི་སྲིད་ནང་ལམ་ཁ་ཞིག་མི་འདུག རྒྱ་ནག་དང་ཨ་རིའི་གཉིས་ཀྱིས་བོད་ཀྱི་གནད་དོན་ཆུང་དུ་བཏང་བ་དང་། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་དུ་བཟོས་པ། བོད་ཀྱི་བདག་དབང་དེ་གླེང་མི་དགོས་པ་བྱས་ནས། ཨ་རི་གཞུང་གིས་དབུ་མའི་ལམ་ལ་མངོན་གསལ་དོད་པོའི་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་། སྔོན་མ་ཁི་ལོན་ཊོན་གྱི་སྐབས་ཅང་ཙི་མིན་ལ་ཏཱ་ལའི་བླ་མ་མི་ཡག་པོ་ཞིག་རེད། ཁྱོད་མཇལ་འཕྲད་གནང་ན། ང་ཁོང་ལ་ཐེངས་ཁ་ཤས་ཐུག་ཡིན་ཞེས་བཤད་པ་དེ་ཚོས། བོད་ནང་ནས་ག་རེ་མྱངས་བསྡད་ཡོད་པ་དེ་བཤད་ཀྱི་ཡོད་པ་མ་རེད། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མི་ཡག་པོ་ཡིན་པ་འཛམ་གླིང་ཐོག་འགྲེལ་བཤད་རྒྱག་དགོས་ཀྱི་ཡོད་པ་མ་རེད། བོད་དོན་ཞིག་ཁ་ལ་ཁྱེར་ནས་བོད་ཀྱི་གནད་དོན་ཨ་མའི་ཐོག་ལག་པ་མ་འཆང་བའི་གནས་སྟངས་ཤིག་རེད། ཕྱི་སྲིད་ཀྱི་ལྟ་བ་དེ་གནད་དོན་ཞིག་ལྷིང་འཇག་གི་ཐོག་ནས་མེད་པ་བཟོ་བ། གནད་དོན་དངོས་དེ་མ་གླིང་ནས་ཕྱོགས་གཞན་ཞིག་ལ་ཁ་བསྒྱུར་རྒྱུའི་སྲིད་ཇུས་ཤིག་ཡིན་པས། མ་འོངས་པར་རྒྱ་ནག་གི་ཁེ་བཟང་དང་ཨ་རིའི་ཁེ་བཟང་། རྒྱལ་ཁབ་གང་རུང་ཞིག་གི་དགོས་མཁོ་ལྟར་བོད་དོན་འགྲེལ་བཤད་རྒྱག་རྒྱུ་མིན། ང་ཚོ་བོད་པ་རང་གི་ལངས་ཕྱོགས་ཐོག་ནས་འགྲེལ་བཤད་རྒྱག་གི་ཡིན། ང་ཚོའི་ཕྱི་སྲིད་ཀྱི་སྲིད་ཇུས་གཙོ་བོ་འཛམ་གླིང་གི་སྣེ་གསུམ་པའི་ཁྱབ་ཁོངས་ལ་ཤུགས་རྒྱག་རྒྱུ་ཡིན། ད་ལྟ་ཡར་རྒྱས་འགྲོ་བཞིན་པའི་རྒྱ་གར་དེ་གཙོ་བོ་གཅིག་དང་། ཡུ་རོབ་ཁག་གི་ནང་ཤུགས་རྒྱག་རྒྱུ་ཡིན། དེ་ཡང་གྲོས་ཚོགས་འཐུས་མི་དང་གཞུང་འཛིན་མི་སྣར་ཟུར་ནས་མཇལ་དེ་ཡི་གེ་ཞིག་སྤྲད། པར་ཁ་ཤས་བརྒྱབ་པ་ཡིས་ཕན་ཐོགས་ཀྱི་མི་འདུག ང་ཚོས་དུས་རབས་ཉེར་གཅིག་གི་ཞུ་གཏུག་བྱེད་སྟངས་དེ་བྱེད་རྒྱུ་ཡིན། ཡུ་རོབ་དང་ཨ་རི། རྒྱ་གར་སོགས་ཀྱི་གྲོས་ཚོགས་འཐུས་མི་ལངས་སྐབས། ཁོང་ཚོ་ཐོབ་ཚར་དུས་ཐུག་རྒྱུ་ཙམ་མ་ཡིན་པར། ང་ཚོར་རྒྱབ་སྐྱོར་ཡོད་མཁན་ཚོར་འོས་ཐོབ་པའི་ཆེད་དུ་ལས་འགུལ་སྤེལ་རྒྱུ་ཡིན། ད་ལྟ་བར་གཞུང་གི་སྲིད་ཇུས་ཀྱི་ཁྱབ་ཁོངས་དེ་ང་ཚོ་སྐྱོ་བོ་ཡིན་ཟེར་ནས། སྦྱིན་བདག་དང་སློང་མོ་རྒྱག་མཁན་བར་གྱི་འབྲེལ་བ་རེད། མ་འོངས་པར་བོད་ཀྱི་ནུས་པ་དེ་ལས་སླ་པོ་ཞིག་མ་རེད། མ་འོངས་པར་སྦྱིན་བདག་དང་སློང་མོ་རྒྱག་མཁན་བར་གྱི་འགྲེལ་བ་མ་ཡིན་པར། གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་དེ་རེད། ང་ཚོ་ལ་དེའི་ནུས་པ་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་མཐུད་མཐུད་གསུང་དོན། “ད་ལྟའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་གལ་ཆེན་པོ་རེད། བར་ལམ་ཞིག་ནས་དེ་ཉམས་རྒུད་དུ་སོང་ཡོད་པ་རེད། དེ་གཙོ་བོ་སྔོན་མ་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་སྐབས་ལ་ལས་འགུལ་སྤེལ་ཆོག་གི་མེད་ཟེར་བའི་རྒྱུ་མཚན་སོགས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཉམས་ཆག་སོང་བ་དང། གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོའི་འབྲེལ་བ་ཉམས་རྒུད་དུ་འགྲོ་དགོས་པའི་རྒྱུ་རྐྱེན་ཆེ་ཤོས་དེ་ང་ཚོའི་གཞུང་གི་ངོས་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན། གལ་ཆེ་ཤོས་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་མིན། རབ་བྱུང་ན་༧སྐྱབས་མགོན་རིན་པོ་ཆེ་ལ་དད་པ་དམ་ཚིག་ཡོད་པའི་ནང་པ་ཞིག་ཡིན་མིན་གྱི་ཆ་རྐྱེན་བཞག མཐོ་སློབ་ཁག་གི་ནང་གཞུང་འབྲེལ་གྱི་ཐོག་ནས་རྒྱ་རིགས་ཀྱི་སློབ་མ་དེ་ཚོའི་སར་རོགས་པ་འཚོལ་དུ་འགྲོ་སྐབས། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་མིན་གྱི་ཆ་རྐྱེན་ཡོད་པའི་ཐོག་ནས་བོད་ཀྱི་རྒྱབ་སྐྱོར་ཚོགས་པ་འཚོལ་གྱི་ཡོད་པ་དེ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁྱབ་ཁོངས་ཆུང་དུ་དང་ཉུང་དུ་འགྲོ་དགོས་པའི་རྒྱུ་མཚན་ཆེ་ཤོས་རེད། དེར་བརྟེན་མ་འོངས་པར་ང་ཚོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉུང་དུ་འགྲོ་དགོས་པའི་རྒྱུ་མཚན་དེ། ང་རང་ཉིད་ཀྱི་ངོས་ནས་ཡིན་ནའང་གསལ་བོ་ཧ་གོ་ཡི་ཡོད། ང་དགུ་བཅུ་གསུམ་གྱི་ནང་ཡོད་པའི་སྐབས་སུ་ཚོགས་པའི་ལངས་ཕྱོགས་འགྱུར་ཏེ་ཡར་མར་བྱེད་སྐབས། ནམ་རྒྱུན་འབྲེལ་བ་ཡོད་པའི་ང་ཚོའི་རོགས་ཚོགས་ཁ་ཤས་ཤིག་ཕྱིར་འཐེན་བྱས་པ་རེད། ཡིན་ནའང་། ངས་ཁོ་ཚོར་འགྲེལ་བཤད་བརྒྱབ་སྟེ་ད་ལྟ་ཨོ་ཙམ་བྱུང་ཡོད། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། ལམ་དབུ་མ་གཅིག་པུར་འགྲོ་མཁན་ཡིན་ན་ཁོ་ཚོའི་ལྟ་བ་ལངས་ཕྱོགས་དང་མཐུན་གྱི་མི་འདུག་ཅེས་དོན་དག་དེ་རེད། དེར་བརྟེན་མ་འོངས་པར་ངའི་གཞུང་གི་ངོས་ནས་བོད་ལ་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱེད་མཁན་གྱི་རོགས་ཚོགས་ཤིག་ཡོད་པ་ཡིན་ན། དེ་ལ་སྔོན་འགྲོའི་ཆ་རྐྱེན་ནང་པ་ཡིན་མིན་དང་དད་པ་དམ་ཚིག་ཡོད་མེད། དབུ་མའི་ལམ་གྱི་ཁྱབ་ཁོངས་ཤིག་ཁས་ལེན་མིན་དེ་མིན་པར། བོད་ལ་རྒྱབ་སྐྱོར་བྱེད་མཁན་ཆ་ཚང་ལ་ལྟ་སྟངས་གཅིག་གྱུར་བྱས་ཏེ། རོགས་ཚོགས་དེ་འདྲ་འཚོལ་རྒྱུ་ཡིན། ཆད་བསྡད་པའི་རོགས་ཚོགས་ཀྱི་འབྲེལ་ལམ་དེ་ཚོ་སླར་གསོ་བྱ་རྒྱུ་ཡིན། དེ་ཏན་ཏན་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག དུས་རབས་ཉེར་གཅིག་ནང་ཨེ་ཤི་ཡར་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་རེད། ཐའེ་ཝན་གྱི་མེ་ཏོག་ཉི་མའི་གསར་བརྗེ་དང་། ཧོང་ཀོང་གི་ཉི་གདུག་གི་གསར་བརྗེ། ཡུ་གར་དེ་ཚོའི་གནད་དོན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། བཙན་བྱོལ་བོད་གཞུང་གིས་ད་ལྟ་བར་དུ་ཁོང་ཚོ་དང་འབྲེལ་བ་ཡག་པོ་འཛུགས་ཐུབ་ཡོད་པ་མ་རེད། དེ་འཛུགས་མི་ཐུབ་པའི་རྒྱུ་མཚན་རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་ལ་ཡ་བྱེད་རྒྱུ་མ་རེད་ཅེས་དེ་ཚོར་གཡོལ་ཐབས་བྱས་པ་རེད། ཡིན་ནའང་བོད་རྒྱ་ཞི་མོལ་ཡོང་རྒྱུ་མེད་པ་ངོ་འཕྲོད་པ་ཡིན་པས། ང་ཚོས་སྟོབས་ཤུགས་གཞན་པ་དེའི་ནང་མཉམ་འབྲེལ་བྱེད་རྒྱུ་ཡིན། མ་འོངས་པར་བོད་པ་དང་ཡུ་གར། ནང་སོགས། རྒྱ་ནག་འོག་གི་གྲངས་ཉུང་མི་རིགས་གཞན་པ་ཚོར་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་མཆུ་འཛུགས་རྒྱུ་ལས། རྒྱ་ནག་གཞུང་ལ་ཐད་ཀར་ཞུ་བ་འཐེན་པ་ལས་སྟོབས་ཤུགས་གཞན་པ་ཞིག་ཁྱེར་ནས་སོང་ན། དེའི་ནང་གི་མཐུན་རྐྱེན་ཡག་ཤོས་དེ་ང་ཚོ་བོད་པ་ཡིན་པས། རྒྱ་ནག་གི་ཉེ་འཁོར་གྱི་སྟོབས་ཤུགས་ལ་མཉམ་འབྲེལ་བྱས་ཏེ། ཞུ་གཏུག་བྱེད་རྒྱུ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་འབྲེལ་མཐུད་ཀྱི་འགན་དེ་ང་ཚོའི་གཞུང་གིས་བྱེད་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་གསུངས་པ་དང་། མ་འོངས་པར་ཤེས་ཡོན་དང་འབྲེལ་བའི་ཕྱི་སྲིད་ལ་འབྲེལ་བ་བྱེད་ཕྱོགས་དང་ཚོང་གི་ངོ་བོའི་ཐོག་ནས་ཕྱི་སྲིད་ལ་འབྲེལ་བ་བྱེད་ཕྱོགས་དང་། དེང་སྐབས་བོད་ཀྱི་བཀའ་བསྟན་འགྱུར་ལ་སོགས་ཐོག་རྒྱ་ནག་གི་བཀའ་བསྟན་འགྱུར་ཞེས་བདག་དབང་ཆ་ཚང་འཕྲོག་གི་ཡོད་པ་ངོ་འཕྲོད་ཐབས་དང་། ད་ལྟའི་བོད་མིའི་དོན་གཅོན་ཁག་གི་ལས་བྱེད་ཚོ་ལྷག་བསམ་རྣམ་དག་གི་མི་རྐྱང་རྐྱང་གཏོང་གི་ཡོད་པར་ཡིད་ཆེས་ཡོད་མོད། རྒྱ་ནག་གི་ཕྱི་སྲིད་ཀྱི་གནས་བབས་ལ་ཁ་གཏད་གཅོག་དགོས་ན་ཕྱོགས་མང་པོ་ཡོང་གི་མེད་སྐོར། དོན་གཅོད་ཀྱི་ལས་བྱེད་ཚོས་ཆོས་ལུགས་ཀྱི་དུས་ཆེན་འཚོག་རྒྱུ་དང་། བླ་མ་གདན་འདྲེན་ཞུས་ནས་ཞལ་འདོན་གསོག་སྒྲུབ་སོགས་ཧུར་ཐག་བྱེད་རྒྱུ་ཡོད་པ་ལས། དུས་རབས་ཉེར་གཅིག་གི་རྒྱ་ནག་གི་ཕྱི་འབྲེལ་གྱི་རིམ་པར་སླེབས་ཐུབ་ཀྱི་མེད་པས། དེའི་རིགས་ལ་སྦྱོང་བརྡར་སྤྲད་ནས་ལས་བྱེད་དུ་བསྐོ་རྒྱུ་ཡིན་སྐོར་གསུངས་སོང་།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་རྒྱུ་ཞི་མོལ་སྐོར་དང་འབྲེལ་ནས་གསུང་དོན། ངས་རྒྱ་ནག་གཞུང་དང་མཉམ་དུ་ཞི་མོལ་བྱས་ནས་ཡོང་རྒྱུ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ལ། ཞི་མོལ་བྱེད་ཐུབ་པའི་གནས་སྟངས་ཀྱང་ཆགས་ཀྱི་ཡོད་པ་མ་རེད། ང་ཚོས་རྒྱ་ནག་གཞུང་ལ་སྤྲད་པའི་ཡིག་ཆ་དེར་རྣམ་པ་ཚོ་ཚང་མར་རྒྱུས་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འདུག་རྒྱུ་ཡིན་པ་དང་གུང་ཁྲན་ཏང་གི་མགོ་ཁྲིད་ལ་ཁ་གཏད་གཅོག་གི་མེད་པ། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་བྱུང་ན་འགྲིག་བསྡད་ཡོད་པ། སྐུ་ངོ་བློ་བཟང་སེང་གེས་གསུང་སྟངས་བྱས་པ་ཡིན་ན་མང་གཙོ་ཡང་རྩོད་ཀྱི་མེད་ཟེར་བའི་རིམ་པ་དེའི་བར་བསླེབས་ཡོད་པ་རེད། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དེ་ཁྲིམས་འགལ་ཡིན་པ་དང་། ༸ཏཱ་ལའི་བླ་མ་ཇག་པ་ཡིན་པ། དབུ་མའི་ལམ་ཟེར་བ་དེ་རྒྱ་ནག་ཁ་བྲལ་གཏོང་ཐབས་ཤིག་རེད་ཅེས་འདི་འདྲའི་གནས་སྟངས་ཤིག་གི་འོག རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་རྒྱུན་ལྡན་གྱི་འབྲེལ་མོལ་ཟེར་བ་ཞིག་ཡོང་རྒྱུ་ཡོད་པ་མ་རེད། ངས་པེ་ཅིང་དང་མཉམ་དུ་རྒྱུན་ལྡན་གྱི་ཕྱི་འབྲེལ་དེ་ཡོད་པ་མ་རེད། ཡིན་ནའང་། གནད་དོན་ཁ་ཤས་ཀྱི་སྒང་ལ་༸སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕེབས་ཐུབ་དང་མི་ཐུབ་ཟེར་བ་དེ་ཚོ་བོད་ཀྱི་རྩ་དོན་ལ་ཐད་ཀར་འབྲེལ་བ་མེད་སྟབས། སྔོན་མ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་སྐོར་འདྲ་བོ་དང་། དེ་ནས་ཕྱི་ལོགས་ནས་བོད་མི་ཁ་ཤས་ནང་མིར་ཐུག་འཕྲད་བྱེད་དུ་འགྲོ་བ་དེ་ཚོའི་སྐོར་རྒྱ་གཞུང་ལ་བཤད་ནས་ཕན་ཐོགས་ཀྱི་ཡོད་ན་བཤད་རྒྱུ་རེད་མ་གཏོགས། ངས་རྩ་བའི་ཆ་ནས་རྒྱ་ནག་གཞུང་དེ་ཁྲིམས་མཐུན་དུ་བརྩི་ཡི་མེད། ཁྲིམས་མཐུན་དུ་བརྩི་ཡི་མེད་པའི་གཞུང་ཞིག་ལ་རྒྱུན་ལྡན་གྱི་འབྲེལ་བ་མེད་པ་དེ་གཅིག་རེད། གཉིས་ནས་ང་ཚོས་ག་རེ་བཤད་པ་ཚང་མ་རྒྱ་གཞུང་གིས་རྩིས་མེད་བཏང་ཡོད་དུས། ང་ཚོའི་བར་ལ་རྒྱུན་ལྡན་གྱི་འབྲེལ་བ་ཡོང་ས་ཡོད་པ་མ་རེད། དེ་ངས་དང་པོ་ནས་གསལ་བོ་བཟོ་རྒྱུ་ཡིན་”ཞེས་གསུངས་སོང་།
ཁོང་གིས་མུ་མཐུད། “རྒྱུ་མཚན་དེའི་སྒང་ནས་ཀླུ་མཁར་བྱམས་ཀྱིས་རྒྱ་ནག་གི་གནས་སྟངས་དེ་ཚོ་ཧ་གོ་ཡི་རེད། ཁོ་འཐོབ་ན་བོད་རྒྱ་ཞི་མོལ་ཞིག་ཨེ་ཡོང་ན་ཟེར་བའི་སྐད་ཆ་ཞིག་དྲ་ཐོག་སོགས་སུ་ཡོང་གི་ཡོད་པ་རེད། ང་སླེབས་ནས་བོད་རྒྱ་ཞི་མོལ་ཡོང་ཐུབ་པའི་ནུས་པ་ཞིག་ང་ལ་མེད། ངས་བོད་རྒྱ་ཞི་མོལ་ཟེར་བ་དེ་ཉེན་ཁ་ཚ་བོ་ཞེ་དྲགས་མཐོང་གི་ཡོད། ང་སྒེར་གྱི་ཉམས་མྱོང་གི་སྒང་ནས་བཤད་པ་ཡིན་ན། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་སྐབས་དང་པོར་སླེབས་པ་དང་། སྐབས་གཉིས་པའི་འོས་འགྲན་ནང་ཁོང་བཞེངས་སྐབས་ག་རེ་གསུངས་ཡོད་པ་རེད་ལབ་ན། ད་བོད་རྒྱ་ཞི་མོལ་དེར་ས་ཆོད་ཡོད་པའི་གོམ་སྟབས་ཤིག་འགྲོ་བཞིན་ཡོད་ཅེས། ཞི་མོལ་ཐེངས་༦ པའམ་༧ པའི་སྐབས་སུ་ད་བཟང་ཐག་ངན་ཐག་ཆོད་གྲབས་ཡོད་ཅེས་གསུངས་ཡོད་པ་དང་། དེ་བཞིན་༸སྐྱབས་མགོན་རིན་པོ་ཆེ་ལ་ཡང་ཡར་ཞུས་ཡོད་རྒྱུ་རེད་པ། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་བོད་རྒྱ་ཞི་མོལ་དེ་ང་ཚོ་ནང་ཁུལ་གྱི་ཆབ་སྲིད་དུ་གྱུར་ཏེ། མི་མང་གིས་བོད་རྒྱ་ཞི་མོལ་ཡོང་བའི་གནས་སྟངས་ཤིག་ཆགས་པ་ཡིན་ན། རིན་པོ་ཆེ་ལས་ལྷག་པ་ཞིག་ཡོད་པ་མ་རེད་ཅེས་འོས་བླུགས་པའི་གནས་སྟངས་ཆགས་པ་རེད། ཡིན་ནའང་། བོད་རྒྱ་ཞི་མོལ་ག་འདྲ་ཡོང་ཡོད་མེད་ང་ཚོས་གསལ་བོ་ཧ་གོ་བ་རེད། མཁས་དབང་བློ་བཟང་སེང་གེས་མགོ་ཁྲིད་པའི་འོག་ནས་ངས་མགོ་ཆག་ཆེན་པོ་ཞིག་རྩེ་ཡི་རེད་བསམ་ནས་སེམས་ཁྲལ་ཞིག་ཡོད་ཀྱང་དེ་བྱས་མ་སོང་། ད་ལྟའི་སྐབས་ལ་བོད་རྒྱ་ཞི་མོལ་གྱི་འབྲེལ་མཐུད་མ་བྱས་པ་དེ་རེད། གཅིག་བྱས་ན་རྒྱ་ནག་གཞུང་གིས་ནང་འཁྲུག་བརྒྱབ་ནས་གོ་སྐབས་འཛིན་མ་ཐུབ་པ་དང་། མ་གཞི་ནས་ཞི་ཅིན་ཕིན་སོགས་མི་དེ་ཚོ་མགོ་ཐང་པོ་དེ་འདྲ་མ་རེད། རྩེད་མོ་དེ་རྩེ་མ་ཤེས་པའང་ཡིན་སྲིད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ཡོང་ན། ང་ཚོའི་གཞུང་འདི་ཡང་ཏོག་ཙམ་ཡག་དྲགས་པ་མིན་འགྲོ་བསམ་གྱི་འདུག ད་ལྟའི་སྐབས་ལ་པེ་ཅིང་དང་མཉམ་དུ་ཞི་མོལ་འགྲོ་ཡི་ཡོད་མདོག་མདོག་བྱས་ན། ང་ཚོའི་རྒྱ་ཆེའི་མི་མང་མགོ་སྐོར་ཐེབས་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་རེད། ཡིན་ནའང་། སྟབས་ཡག་ནས་ད་ལྟའི་སྐབས་འདིར་བོད་རྒྱ་ཞི་མོལ་ཟེར་བ་ཞིག་པེ་ཅིང་བར་འགྲོ་ཡི་མེད་པ་འདི་དངོས་གནས་དྲང་གནས་གནས་སྟངས་ཡག་པོ་ཞིག་རེད། ཡིན་ནའང་། སྐུ་ངོ་བློ་བཟང་སེང་གེའི་གྲུབ་འབྲས་ཆེན་པོ་དོན་ཚན་བཅུ་ཐམ་པ་བཤད་སྐབས། རྒྱ་ནག་དང་མཉམ་དུ་མངོན་ལྐོག་གཉིས་ན་འབྲེལ་བ་བྱེད་བཞིན་ཡོད་ལབ་པ་ཞིག་འདུག མངོན་ལྐོག་ག་རེ་ནས་འབྲེལ་བ་བྱེད་ཀྱི་ཡོད་པ་ཡིན་ནའང་། ང་ཚོ་བོད་ཀྱི་རྩ་དོན་ཐོག་རྒྱ་གཞུང་དང་མཉམ་དུ་འབྲེལ་བ་བྱས་ནས་ཡོང་རྒྱུ་ཞིག་མེད། དེ་རྣམ་པ་ཚོས་གསལ་བོ་ཧ་གོ་དགོས་པ་རེད་བསམ་གྱི་འདུག་”ཅེས་དང།
“བོད་རྒྱ་ཞི་མོལ་གྱི་སྒང་ནས་ད་ལྟའི་བར་ག་རེ་བྱས་པ་རེད་ཟེར་ན། རྒྱ་ནག་གཞུང་ངོས་ནས་ཏཱ་ལའི་ཡུལ་གྱར་ཚོགས་པའི་ཁ་བྲལ་བ་ཁ་ཤས་ཤིག་སྐད་བཏང་སྟེ། བོད་ནང་རྡུང་འཕྲོག་བཅོམ་གསུམ་བྱེད་བཞིན་ཡོད་པ་དེ་མཚམས་འཇོག་རོགས་ཞེས་ང་ཚོས་ནན་པོ་བཤད་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ཀྱིས་ཀྱང་ཁས་ལེན་བྱེད་ཀྱི་འདུག ང་ཚོས་དེ་ལབ་ནས་ཁོ་ཚོ་ཕར་མངགས་བཞག་ཡོད་ཅེས་གསར་འགོད་གསལ་བསྒྲགས་ནང་ལབ་ཀྱི་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ང་ཚོ་ཕར་སོང་བ་ཡིན་ན་རྩ་བ་ཉིད་ནས་བྱུང་མ་སོང་། ཡིན་ནའང་། ད་རེས་ངས་མཁས་དབང་བློ་བཟང་སེང་གེ་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ལ། བོད་རྒྱ་ཞི་མོལ་གྱི་མགོ་སྐོར་འདིའི་འོག་ཁོང་ཐེབས་མ་སོང་། རྒྱ་ནག་གི་སྐོར་ནས་དངོས་གནས་བཤད་ན་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་། བཀྲ་ཤིས་དབང་འདུས་བཅས་རྣམ་པ་ཚོར་བལྟས་ན། ང་ཀླུ་མཁར་བྱམས་ཡག་རྒྱུ་རེད། ང་མར་ནས་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན། ཡིན་ནའང་། བོད་རྒྱ་ཞི་མོལ་ཡོང་གི་མ་རེད་”ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་ཤེས་ཡོན་ཡར་རྒྱས་དང་བོད་ཀྱི་ཆོས་དང་རིག་གཞུང་འབྲེལ་བའི་སློབ་སྦྱོང་ཡར་རྒྱས་གཏོང་དགོས་སྐོར་དང་། གཞུང་གི་ཁྲིམས་ཀྱི་འོག་ནས་ཡོང་བའི་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་རྒྱུ། སློབ་མ་ཚོར་སློབ་སྦྱོང་སྤྲོད་སྐབས་དང་། སློབ་ཡོན་སྤྲོད་སྐབས་སྤྱི་ཡོངས་ཀྱི་ཐོག་ཤུགས་སྣོན་རྒྱག་དགོས་པ་ལས། མི་གཅིག་གཉིས་ལ་སྲིད་སྐྱོང་སློབ་ཡོན་ལྟ་བུ་སྤྲད་ནས། ཕུལ་བྱུང་མི་གཅིག་གཉིས་བཟོ་རྒྱུ་དེ་མིན་སྐོར་དང་། སྤྱི་ཡོངས་ཆ་སྙོམ་གྱིས་ཡར་རྒྱས་བཏང་ན་ཕུལ་བྱུང་མི་སྣ་ཆེད་དུ་གསོ་སྐྱོང་མི་དགོས་པར་སླེབས་ཡོང་རྒྱུ་ཞིག་ཡིན་སྐོར་སོགས་མ་འོངས་པར་ཤེས་ཡོན་སྤྲོད་ཕྱོགས་སྐོར། ཤེས་ཡོན་སྲིད་ཇུས་ཐོག་རང་ལས་གཞན་གཅེས་དང་། འདོད་ཆུང་ཆོག་ཤེས། འཚེ་བ་མེད་པ་ཞེས་སློབ་གསོ་སྤྲོད་རྒྱུ་ཁོ་ན་མིན་སྐོར། རྒྱལ་ཁབ་མང་པོའི་ནང་ཤེས་ཡོན་སྲིད་ཇུས་ནང་མི་ལ་གནོད་པ་མི་སྐྱེལ་བ་ཡོད་པ་རེད་དེ། གཞན་གྱིས་ཚུར་གནོད་པ་བསྐྱལ་ན། ཕར་ལག་པ་བཀྱག་ཆོག་པ་དེ་མི་ཆོས་དང་ཁྲིམས་ཐོག་ཚང་མར་མཐུན་གྱི་ཡོད་སྐོར། མི་ཆོས་དེ་ཚུར་ཡག་པོ་བྱས་ན་ཕར་ཡག་པོ་བྱེད་དགོས་པ་དང་། ཚུར་གནོད་པ་བསྐྱལ་ན་ཕར་གནོད་པ་སྐྱེལ་རྒྱུ་དེ་ཡིན་སྐོར། མ་འོངས་པ་བོད་ལ་ཆེས་མཐོའི་མཐོ་སློབ་ཅིག་གལ་ཆེན་ཡིན་སྐོར། ཏཱ་ལའི་བླ་མའི་མཐོ་སློབ་ལྟ་བུ་ཁོང་གི་མཚན་སྙན་འོག་ནས་ཡར་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡོད་སྐོར། དེ་བཞིན་ད་ལྟ་བཙན་བྱོལ་ནང་གི་སློབ་སྦྱོང་ཡག་པོ་ཡོད་མཁན་ཚོ་ནང་གི་གནས་སྟངས་ཡག་པོ་ཡོད་མཁན་དང་། ནང་ནས་ཟུར་ཁྲིད་བྱེད་ཐུབ་མཁན་ཚོ་ཡོང་གི་ཡོད་པས། ཚང་མར་ཆ་སྙོམ་གྱིས་སློབ་སྦྱོང་ཞིག་སྤྲོད་ཐབས་དགོས་སྐོར་སོགས་ཤེས་ཡོན་སྲིད་ཇུས་སྐོར་གསུངས་སོང་།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བཙན་བྱོལ་ནང་གི་གཞིས་ཆགས་སྲ་བརྟན་སྐོར་གསུང་དོན། “ད་ལྟ་གལ་ཆེ་ཤོས་དེ་གཞིས་ཆགས་སྲ་བརྟན་ཐུབ་མི་ཐུབ་དང་ཁ་འཐོར་མི་མང་ལ་འགྲོ་ས་འདུག་ས་ཞིག་བཟོ་ཐུབ་མིན་གྱི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་རེད། ངས་བསམ་བློ་བཏང་བ་ཡིན་ན། གཞིས་ཆགས་ཁག་གང་ལ་གང་འཚམ་གྱིས་སྲ་བརྟན་ཆགས་བསྡད་ཡོད་པ་རེད། དེའི་སྒང་ལ་སྲ་བརྟན་དུ་བཏང་བ་ཡིན་ན་གཏོང་རྒྱུ་ཏན་ཏན་ཡོད་རྒྱུ་རེད། ཡིན་ནའང་། གཞིས་ཆགས་སྲ་བརྟན་ཟེར་བ་དེར་ང་ཚོས་བསམ་བློ་གཏོང་ཕྱོགས་ཤིག་ལ་སྒོར་མོ་གཅིག་པུ་སྤྲད་དེ། ད་ལྟའི་བཤད་སྟངས་བྱས་ན་(Shopping mall)དེ་འདྲ་བརྒྱབ་ནས་རྫིག་པོ་བྱེད་པ་དེ་གཞིས་ཆགས་ཀྱི་རྩ་བའི་སྲ་བརྟན་མ་རེད་བསམ་གྱི་འདུག གཞིས་ཆགས་ཀྱི་རྩ་བའི་སྲ་བརྟན་དེ་ག་འདྲ་ཞིག་རེད་ལབ་ན། ཡུལ་མིའི་མིག་ལམ་ནས་མཐོང་བདེ་བོ་ཞིག་དགོས་པ་རེད། ང་ཚོ་བཙན་བྱོལ་ནང་གི་དཀའ་ངལ་གཅིག་དེ་ང་ཚོར་ཡོད་པའི་དཔལ་འབྱོར་གྱི་གནས་སྟངས་ཆ་སྙོམ་མ་བྱུང་བ་དེ་རེད། ཁག་ཅིག་ལ་ཞེ་དྲགས་སྤྲད། མི་འཇོན་པོ་དེ་ཚོའི་ནང་གི་ཁྱི་ཡན་ཆད་ལའང་སྦྱིན་བདག་ཡོད་པ་ལབ་ཀྱི་ཡོད་པ་རེད། ཞུ་མ་ཐུབ་པའི་མི་ལ་རྩ་བ་ཉིད་ནས་མ་རག་པའི་གནས་སྟངས་ཆགས་ཡོད་ཟེར་གྱི་ཡོད་རེད། མ་འོངས་པར་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་ལོགས་ནས་གཞིས་ཆགས་སྲ་བརྟན་གཏོང་ཆེད་སྦྱིན་བདག་ག་ཚོད་ཅིག་རག་མིན་གྱི་སྐད་ཆ་དེ་མ་ཡིན་པར་ང་ཚོའི་ལག་པའི་ནང་ཡོད་བསྡད་པ་དེ་ཚོ་སྙོམ་སྒྲིག་བྱེད་ཐུབ་ཀྱི་རེད་དང་མ་རེད་”ཅེས་དང་། “གལ་ཆེ་ཤོས་དེ་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་ལ་མེད་པའི་དཀའ་ངལ་ལས་ད་ལྟའི་སྐབས་ལ་ཡོད་པ་དེ་ཟ་སྟངས་འཐུང་སྟངས་ཚོད་མ་ཟིན་པའི་དཀའ་ངལ་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་རེད། དེ་ཡུལ་མིའི་མཐོང་ཕྱོགས་བདེ་པོ་མེད་པ་ཆགས་ཀྱི་ཡོད་པ་རེད་”ཅེས་དང་། “ང་ཚོ་རྒྱ་གར་ནང་དཔལ་འབྱོར་གཅིག་པུའི་ཐོག་ནས་སྲ་བརྟན་ཆགས་ཀྱི་མ་རེད། དཔལ་འབྱོར་ཡག་པོ་ཞིག་བེད་སྤྱོད་གཏོང་མ་ཐུབ་ན་སྲ་བརྟན་ལས་ཉེན་ཁ་ཡོད་སྟབས། མ་འོངས་པར་ང་ཚོའི་སྲ་བརྟན་གྱི་ཁྱབ་ཁོངས་དེ་ཡུལ་ཁྲིམས་དང་མཐུན་པ་འགྲོ་སྟངས་འདུག་སྟངས་དེ་ཚོད་ཟིན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་”ཅེས་རྒྱ་གར་ནང་གི་ས་གནས་ཁག་ཅིག་ལ་གནས་སྡོད་བྱེད་མ་ཐུབ་པའི་དཀའ་ངལ་ཡོད་པ་དེ་ཚོ་སེལ་ཐབས་དགོས་སྐོར་དང་། དཔལ་འབྱོར་དེ་ཡག་པོ་བེད་སྤྱོད་གཏོང་མ་ཤེས་ན་སྲ་བརྟན་ལ་གནོད་པ་ལས་ཕན་ཐོགས་ཀྱི་མིན་སྐོར་དང་། རྒྱལ་གཅེས་མི་མང་གི་མིང་ཁྱེར་ནས་སློང་མོ་རྒྱག་རྒྱུར་ཚད་ཅིག་དགོས་སྐོར་དང། འཆར་གཞི་ཡག་པོ་དགོས་སྐོར་གསུངས་སོང་།
དྲི་བ་དྲིས་ལན་སྐབས་ཚོགས་ཞུགས་པ་ཞིག་གིས་གཞུང་ཞབས་མང་པོ་ཞིག་གིས་དགོངས་པ་ཞུ་ཡི་ཡོད་པས། ཁྱེད་རང་རང་བཙན་བཤད་མཁན་ཞིག་སྲིད་སྐྱོང་ཐོབ་ན། གཞུང་ཞབས་སྔར་ལས་མང་བ་རྩ་དགོངས་ཞུ་སྲིད་པ་ཞིག་ཡིན་པས། དེའི་ཐད་འཆར་གཞི་དང་གྲ་སྒྲིག་གང་འདྲ་ཡོད་ཅེས་དྲིས་པར།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ལན་འདེབས་གནང་དོན། “མ་འོངས་པའི་བཙན་བྱོལ་སྤྱི་ཚོགས་འདིར་བསམ་བློ་ཏན་ཏན་གཏོང་དགོས་པ་རེད། ལས་བྱེད་ཆ་ཚང་གིས་རྩ་དགོངས་ཞུ་སྲིད་པ་མ་ཟད། བཙན་བྱོལ་ནང་ནས་བོད་པ་རྫོགས་སོང་བ་ཡིན་ན། གནས་མ་གནས་མེད་པའི་རྒྱུ་མཚན་གྱིས་བཙན་བྱོལ་བོད་གཞུང་ཁོ་རང་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་སྲིད་པ་རེད། ཡིན་ནའང་། ད་ལྟའི་སྐབས་ལ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་བཙན་བྱོལ་ནང་ཡོད་བསྡད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་ང་ཚོ་བོད་པ་ཁ་འཐོར་ཡོད་དེ་གལ་ཆེན་པོ་ཞིག་རེད། དེ་ལས་ཀྱང་གལ་ཆེ་བ་དེ་ཁོ་ལ་རྒྱལ་རབས་ལོ་རྒྱུས་ཀྱི་རང་བཞིན་ཞིག་ཡོད་པ་རེད། དེ་ང་ཚོ་མི་སྒེར་སོ་སོའི་ལྟོ་རྒྱབ་ལ་ཕན་ཐོགས་མིན་ལ་མ་ལྟོས་པར་གནས་དགོས་པའི་རྒྱུ་མཚན་གཅིག་དེ་རེད། རྒྱུ་མཚན་གཉིས་པ་དེ་ག་རེ་རེད་ཟེར་ན། རྒྱ་ནག་གཞུང་དེ་ག་བ་འགྲོ་འདུག་ཧ་གོ་ཡི་མ་རེད། ཉིན་ཞིག་བོད་ནང་རྒྱ་མིས་སྡེབ་གསོད་གཏོང་བའི་ཉེན་ཁ་ཡང་ཡོད་པ་རེད། དེ་ང་ཚོའི་ལག་པར་ཡོད་པ་མ་རེད། ང་ཚོ་བོད་པ་ཆ་ཚང་སྡེབ་གཅིག་ཏུ་གང་ཞིག་ལ་བྲོས་ནས་འགྲོ་དགོས་པའི་གནས་སྟངས་ཀྱང་ཆགས་སྲིད་པ་རེད། དེར་བརྟེན་རྒྱ་གར་གྱི་སྤྱི་ཚོགས་འདི་མ་འོངས་པར་བོད་པ་ཆ་ཚང་གཅིག་བྱས་ན་བྲོས་ནས་ཡོང་དགོས་པའི་ཉིན་མོ་ཞིག་ལ། ང་ཚོ་འདིར་རྨང་གཞི་ཞིག་ཡོད་ན་འདི་ལ་བདག་པོ་རྒྱག་དགོས་སྟབས། མ་འོངས་པར་ལས་བྱེད་ག་ཚོད་བྲོས་མིན་ལ་མ་ལྟོས་པར་ད་ལྟའི་འཐབ་རྩོད་ཀྱི་དགོས་མཁོའི་སྒང་ནས་བཤད་ཡོང་ན། བཙན་བྱོལ་བོད་གཞུང་འདི་གནས་དགོས་ཀྱི་མེད་ན་བསམ་གྱི་འདུག ལས་བྱེད་ཀྱིས་དགོངས་པ་ཞུས་པ་དེར་རྒྱུ་མཚན་ཡོད་པ་རེད། གཞུང་གིས་ཕུགས་བསམ་དང་འཆར་སྣང་བསྐྲུན་མ་ཐུབ་པ་རེད་ལ། ལམ་ཀ་བཟོ་མ་ཐུབ་པས་རེད་”ཅེས་སོགས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།