གཞུང་ཆེན་རིས་མེད་བགྲོ་གླེང་ལྷན་ཚོགས་ཐེངས་བདུན་པ་དེ་ཁམས་པ་སྒར་དུ་འཚོགས།
གཞུང་ཆེན་རིས་མེད་བགྲོ་གླེང་ལྷན་ཚོགས་ཐེངས་བདུན་པ་བཀྲིས་ལྗོངས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་འཛུགས་གནང་འདུག
ཕྱི་ཟླ༠༦ ཚེས་ ༠༣ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་ཐེངས་བདུན་པ་དེ། བརྗོད་གཞི་ཚད་མའི་གཞུང་ལུགས་ཀྱི་བསྟན་དོན་འགའ་ཞིག་གི་ཐོག་རིས་མེད་ཆོས་སྡེ་ཁག་གི་མཁན་སློབ་དགེ་བཤེས་རྣམས་ཀྱིས་དཔྱད་རྩོམ་བགྲོ་གླེང་གནང་རྒྱུ་ཡིན་འདུག གཞུང་ཆེན་རིས་མེད་བགྲོ་གླེང་ལྷན་ཚོགས་ཐེངས་བདུན་པ་འདི་ནི་ཆོས་རིག་ལས་ཁུངས་ནས་བཀྲིས་ལྗོངས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་ཇི་ལྟར་རེ་སྐུལ་ཞུས་པ་བཞིན་ཞལ་བཞེས་ཐོབ་སྟེ་གོ་སྒྲིག་གནང་བ་ཞིག་རེད་འདུག་ལ། བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོར་ཁམས་པ་སྒར་གྱི་དབུ་འཛིན་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན། ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བསོད་ནམས་དབང་རྒྱལ་དབུས་པའི་་དགོན་ཁག ༣༢ ནས་དགེ་འདུན་པ་དང་བཙུན་མ་གྲངས་ ༢༥༠ ཙམ་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་གྱིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན། གཞུང་ཆེན་རིས་མེད་བགྲོ་གླེང་གི་བྱུང་རིམ་དང་། བགྲོ་གླེང་ཚོགས་འདུ་འདི་བརྒྱུད་ནས་གཡུང་དྲུང་བོན་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཕན་ཚུན་བར་ལྟ་དགོངས་བརྗེ་ལེན་གནང་རྒྱུའི་གོ་སྐབས་ཐོབ་ཡོད་ཚུལ་སོགས་ངོ་སྤྲོད་གནང་འདུག་པ་དང་།
༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་རིན་པོ་ཆེ་མཆོག་གིས་སྔོན་དུས་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་བདེན་བཞིའི་ཆོས་འཁོར་བསྐོར་བ་ནས་བཟུང་། རྒྱ་གར་གྱི་པཎ་གྲུབ་རྣམས་བརྒྱུད་ནས་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་བྱུང་ཚུལ། རིམ་བཞིན་བོད་དུ་ལོ་ཙཱ་བ་དང་མཁས་གྲུབ་སོགས་ཀྱི་འཆད་རྩོད་རྩོམ་གསུམ་ལ་བརྟེན་ནས་བསྟན་པ་དར་བའི་སྐོར་དང་། བར་ལམ་དུ་དུས་ཀྱི་འཕོ་འགྱུར་དབང་གིས་བོད་ནང་དུ་ཉམས་ཆག་བྱུང་ཡོད་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་འཕྲིན་ལས་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་དཀའ་བ་དང་དུ་བླངས་ཞིང་། ངལ་བ་ཁྱད་དུ་བསད་དེ་བཤད་སྒྲུབ་ཀྱི་བསྟན་པ་ད་ལྟའི་ཆར་བསྟན་པ་གོང་དུ་སྤེལ་ཏེ་ང་ཚོས་མཐོང་ཆོས་སུ་གྱུར་བ་ཞིག་ཏུ་ཆགས་ཡོད་ཚུལ། དེ་བཞིན་མ་འོངས་པའི་རྒྱལ་བའི་བསྟན་པ་གང་འདྲ་ཞིག་ཆགས་མིན་དེའང་ད་ལྟའི་རང་རིགས་རྣམས་ཀྱི་འགན་འཁུར་ཆགས་ཡོད་སྐོར། གཞན་ཡང་རིས་མེད་ཀྱི་ཆོས་བརྒྱུད་ཁག་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་དུས། བློ་གྲོས་ཀྱི་སྒོ་ཡོངས་སུ་ཕྱེ་བའི་ཐོག་རང་རྒྱལ་གཞན་ཕམ་གྱི་བསམ་པ་ཡོངས་སུ་དོར་སྟེ། བགྲོ་གླེང་སྐབས་ཆོས་བརྒྱུད་ཕན་ཚུན་བར་གྱི་ལྟ་གྲུབ་ལ་བགྲོ་གླེང་ལྷུག་པོ་གནང་དགོས་པ་སོགས་བཀའ་སློབ་གསུངས་འདུག
ཆོས་རིག་ལས་ཁུངས་ཀྱི་བགྲོ་གླེང་གི་ལས་གཞི་འདི་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཚོགས་ཐེངས་བཅུ་གཅིག་ཐོག་ཕེབས་པའི་བཀའ་སློབ་དགོངས་དོན་དང་། བོད་ཀྱི་ཆོས་རྒྱུད་དབར་མཐུན་འབྲེལ་དང་། གུས་བརྩི། ཆོས་སྡེ་ངོ་སྤྲོད་ཡོང་རྒྱུ་སོགས་ལ་དམིགས་ཏེ་ཕྱི་ལོ་ ༢༠༡༥ ནས་བཟུང་བསྐོང་ཚོགས་གནང་བཞིན་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།