གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་སྤྱི་མོས་མ་ཐུབ་པ།
ཟླ་༣ པའི་ཚེས་༢༠ ཉིན་ཏེ། རྡ་ས་གངས་སྐྱིད་དུ་འཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༧ པའི་ཉིན་གཉིས་པའི་ཐོག གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་ཀྱི་སྔོན་གླེང་ནང་། “དགྲ་བོ་རྒྱ་དམར་གཞུང་གིས་བོད་ལ་དབང་བསྒྱུར་བ་”ཞེས་པའི་ནང་གི་རྒྱ་ནག་གཞུང་ལ་ “དགྲ་བོ་”ཞེས་བརྗོད་མི་ཉན་སྐོར་བརྗོད་དེ། སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་དགག་པ་གནང་བར་བརྟེན་སྤྱི་མོས་མ་ཐོབ་པར། གྲོས་ཆོད་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
ཟླ་༣ པའི་ཚེས་༢༠ ཉིན་ཏེ། རྡ་ས་གངས་སྐྱིད་དུ་འཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༧ པའི་ཉིན་གཉིས་པའི་ཐོག གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་ཀྱི་སྔོན་གླེང་ནང་། “དགྲ་བོ་རྒྱ་དམར་གཞུང་གིས་བོད་ལ་དབང་བསྒྱུར་བ་”ཞེས་པའི་ནང་གི་རྒྱ་ནག་གཞུང་ལ་ “དགྲ་བོ་”ཞེས་བརྗོད་མི་ཉན་སྐོར་བརྗོད་དེ། སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་དགག་པ་གནང་བར་བརྟེན་སྤྱི་མོས་མ་ཐོབ་པར། གྲོས་ཆོད་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
ལོ་མང་སྔོན་ནས་སྤྱི་འཐུས་ལྷན་གྱི་གྲོས་ཚོགས་ནམ་འཚོགས་ལ། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་དཀའ་སྡུག་རིམ་པ་མདོར་བསྡུས་འཁོད་པ་དང་། ད་ལྟའི་ཛ་དྲག་གནས་སྟངས་ལ་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ངོ་སྤྲོད་དང་རྒྱ་ནག་གཞུང་ལ་འབོད་སྐུལ་བཅས་འཁོད་པའི་གྲོས་ཆོད་ཅིག་འཇོག་གི་ཡོད་པ་དང་། དེའི་ཐོག་བགྲོ་གླེང་རིམ་པ་བྱས་མཐར་སྤྱི་མོས་གཏན་འབེབས་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད།
གཞུང་འབྲེལ་གྲོས་ཆོད་དེར་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལ་དགག་པ་དགོས་པའི་རྒྱུ་མཚན་སྐོར་དྲིས་པར། ཁོང་གིས། “ང་ཚོས་གྲོས་ཆོད་འཇོག་དགོས་པ་དེ་གཞུང་གི་སྲིད་ཇུས་ལ་མཐུན་འགྱུར་འགྲོ་བ་ལས། བྱུང་རབས་འབྲི་ཡི་ཡོད་མ་རེད་ལ། ཟླ་བ་དྲུག་རེའི་ནང་བོད་ནང་གི་ཛ་དྲག་གནས་ཚུལ་ག་རེ་བྱུང་བའི་ལོ་རྒྱུས་ཆ་ཚང་འབྲི་རྒྱུ་དེ་འདྲ་ཡང་མ་རེད། དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་གཞུང་གི་རྩ་དོན་ཐོག་མཐུན་འགྱུར་དུ་འགྲོ་རྒྱུའི་ཆེད་རེད། གྲོས་ཆོད་དེ་མགོ་ནས་མཇུག་བར་ནང་གི་ཚགས་ཚུད་ཆད་དབུ་མའི་ལམ་གྱི་སྲིད་ཇུས་དང་འགལ་ཉན་གྱི་མ་རེད། གཙོ་བོ་གཅིག་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་ཉན་གྱི་མ་རེད། འཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་ཉན་གྱི་མ་རེད། ད་ལྟ་བར་གཞུང་འབྲེལ་གྲོས་ཆོད་ནང་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ནས་རྒྱ་ནག་གཞུང་ལ་ང་ཚོས་དགྲ་བོ་འབོད་ཀྱི་ཡོད་མ་རེད། ཡིན་ནའང་དགྲ་བོ་མ་རེད་ཅེས་པའི་དོན་མཚོན་གྱི་མ་རེད། ང་ཚོས་འཚེ་མེད་ཞི་བ་གཅིག་པུའི་ཐོག་བསམ་བློ་བཏང་ན་ལུས་ངག་ཡིད་གསུམ་ཚང་མ་འཚེ་མེད་ཞི་བའི་ཐོག་འགྲོ་དགོས་དུས། དགྲ་བོ་བོས་པ་ཙམ་གྱིས་འཁོན་འཛིན་དང་ཤ་འཁོན་རྩོད་ཀྱི་ཡོད་པའི་རྣམ་པ་ཐོན་ཡོང་གི་ཡོད་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཡིན་ན་གཉིས་ཕན་དང་སྒྲོམ་གཞི་གཅིག་གི་ཐོག་འདུག་རྒྱུའི་གོ་སྐབས་འཚོལ་གྱི་ཡོད་པས། དགྲ་བོ་བོས་པའི་ཐོག་ནས་ཕར་གོམ་པ་རྒྱག་ས་མེད་པ་དངོས་པོའི་ཆོས་ཉིད་ཐོག་ནས་ཆགས་ཡོད་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་འགལ་བ། འཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་བ། དབུ་མའི་ལམ་གྱི་སྲིད་ཇུས་དང་འགལ་བ། བོད་མི་མང་གི་མངོན་འདོད་དང་འགལ་བསྡད་ཡོད་རེད། དེ་རིང་སང་ཉིན་བོད་ཕྱི་ནང་གཉིས་ན་རང་བཙན་རྩོད་མཁན་ཉུང་ཤས་ལས་ཡོད་མ་རེད། མང་ཆེ་བས་མགོ་ཚོས་པའི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་རེད། དེ་ལ་བརྩི་བཀུར་བྱེད་དགོས་པ་དེ་ང་ཚོ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་འགན་ཡོད་རེད། ད་ལྟ་དགྲ་བོ་ཞེས་ཚིག་ཅིག་འབོད་ཀྱི་ཡོད་པས། ངས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་ཐུབ་ཡོད་མ་རེད་”ཅེས་གསུངས་སོང་།
གྲོས་ཆོད་དེ་གཞུང་འབྲེལ་གྲོས་ཆོད་ཡིན་པས་གྲོས་ཚོགས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལ་བཅར་འདྲི་བྱས་པར། ཁོང་གིས་ “གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འདི་གྲོས་ཚོགས་སྐབས་༡༤།༡༥།༡༦ ནས་མུ་མཐུད་བྱུང་བ་རེད། གཙོ་བོ་༢༠༠༨ ནས་བྱས་བསྡད་ཡོད་རེད། ད་ལྟ་བར་སྤྱི་མོས་ཐོག་བྱུང་རེད། འབྱུང་ས་གཙོ་བོ་དེ་བོད་ནང་གི་གཞིས་ལུས་མི་མང་གི་ཆེད་དུ་རེད་ལ། ཡང་ང་ཚོས་གྲོས་ཆོད་བཞག་ནས་བོད་ནང་གི་མི་མང་གིས་གདོང་ལེན་གནང་བ་མ་ཡིན་པར། སྔོན་ནས་གནང་བསྡད་ཡོད་རེད། གཞི་གཙོ་བོ་དེ་བྱས་ནས་གྲོས་ཆོད་ནང་རྣམ་པ་མ་འདྲ་བ་ཡོད་རེད། དེ་ཚོ་གཞིར་བཞག་ནས་སྤྱི་མོས་ཐོག་གཏན་འབེབས་དགོས་པ་གནད་འགག་རེད། དྲང་མོ་བཤད་ན་སྤྱི་མོས་འགྲོ་དགོས་རེད། སྤྱི་མོས་མ་སོང་བ་དེ་སྤྱི་འཐུས་སོ་སོས་བསམ་བློ་ཁུར་སྟངས་ཐོག་ནས་བཀའ་མོལ་གནང་ཆོག་རེད། ནང་དོན་ག་རེ་ཡོད་པའི་གནད་འགག་ཟིན་པའི་ཐོག་ནས་སྤྱི་མོས་ཐོག་ཕེབས་དགོས་པ་གནད་འགག་རེད། ད་ཐེངས་དེ་མ་བྱུང་བ་རེད། ད་ལྟ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གནས་བབས་དེ་ནང་དོན་དང་ཡོངས་རྫོགས་ཀྱི་ལྗིད་ཁོག་དེ་ཚད་མཐོའི་མང་མོས་ཟེར་དུས། སོ་སོའི་སེམས་ནང་ག་འདྲ་ཆགས་སོང་གོ་འདྲ་བསམ་སོང་། ད་ལྟ་བར་ཚིག་དང་ནང་དོན་ག་རེ་འགྱུར་བ་གཏོང་དགོས་པ་དེ་བཏང་ནས། སྤྱི་མོས་གཏན་འབེབས་ཤ་སྟག་བྱེད་ཀྱི་ཡོད་རེད། དེ་རིང་ཡང་དཔལ་ལྡན་ཚོགས་གཙོས་གཙོ་སྐྱོང་འོག་དེ་རང་ཕྱིན་ཡོད་རེད་དེ། སྤྱི་མོས་མ་བྱུང་བ་དེ་ཏག་ཏག་བསྡད་མ་སོང་བསམ་སོང་། མ་འོངས་པར་གདུང་སེམས་མཉམ་བསྐྱེད་དེ་སྤྱི་མོས་འགྲོ་དགོས་པ་གལ་ཆེན་པོ་རེད། དེ་གཞི་ལ་བཞག་ནས་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས། རྒྱ་ཆེའི་མང་ཚོགས་ཀྱིས་ཕྱག་ལས་གནང་རྒྱུ་ཡོད་རེད་”ཅེས་གསུངས་སོང་།
དགག་པ་རྒྱག་མཁན་གྱིས་དགྲ་བོ་ཞེས་པའི་ཚིག་དེ་འགྲིག་མ་སོང་ཞེས་དགག་པ་བསྐྱོན་ཡོད་དང་། གྲོས་ཆོད་དེ་གཞུང་འབྲེལ་གྲོས་ཆོད་ཡིན་པས། དེའི་ཐོག་གནོད་སྐྱོད་བྱུང་ཡོད་དམ་ཞེས་ཚོགས་གཞོན་ལ་དྲིས་པར། ཁོང་གིས། “ནམ་རྒྱུན་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དེ་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་ནས་རྒྱབ་ལྗོངས་ཆ་ཚང་གཟིགས་ནས་བཟོས་པ་དང་། དེ་ནས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་ནས་ལྟ་ཡི་ཡོད་རེད། ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ནས་འགྲེལ་བཤད་བརྒྱབ་ཡོད་རེད། ད་ལྟ་བར་དགྲ་བོ་བེད་སྤྱོད་མ་བྱས་པ་མ་རེད། བྱས་བསྡད་པ་ཞིག་རེད་ལ། ཐ་སྙད་དེས་དོ་ཕོག་དང་དེས་ཨ་ལོག་ཐེབས་འགྲོ་རྒྱུ་ཞིག་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ནའང་བསམ་ཚུལ་ཡོང་ཆོག་གི་རེད། གང་ལྟར་དགྲ་བོ་ཟེར་བ་ཞི་འགྲིག་བྱེད་ཀྱི་ཡོད་ནའང་མེད་ནའང་། གདོང་ལེན་བྱེད་ས་ཕར་ཕྱོགས་ཆགས་དུས་ཚིག་དེ་འདྲ་སླེབས་བསྡད་ཡོད་རེད། སླེབས་པ་ཡིས་ཧང་སང་བའི་འགལ་ཟླ་འགྲོ་བ་དེ་སྔ་བྱུང་ཡོད་མ་རེད་ལ། སྤྱི་ཚོགས་ནང་ལ་དེ་འདྲ་ཞེ་དྲག་ཡོང་གི་རེད་བསམ་གྱི་མེད་”ཅེས་གསུངས་སོང་།
དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དོན་ཚན་བདུན་ནི།
༡) འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་རྒྱ་ནག་དམར་གཞུང་གི་དྲག་གནོན་གདུག་རྩུབ་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། པཎ་ཆེན་སྐུ་ཕྲེང་༡༡ པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་ ནག་གཞུང་གིས་གློད་གྲོལ་གྱིས་དེ་དག་གི་ཚེ་སྲོག་ལ་འགན་ཁུར་དགོས་པ་མ་ཟད། བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་བཅུག་དགོས་པ་ནན་བཤད་བྱ་རྒྱུ།
༢) སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་གཞི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་གྲོས་མོལ་གྱིས་འགྲིག་འཇགས་དགོས་པ་ལས། བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་གཞིའི་ མཚན་སྨད་སྐུར་འདེབས་ཁོ་ནས་མེས་རྒྱལ་གཅིག་གྱུར་ཟེར་བ་ལས་ལྡོག་སྟེ་ཁ་བྲལ་རིང་ལུགས་པ་ངོ་མ་དེ་རྒྱ་ཡི་དབང་ འཛིན་པ་ཁྱེད་རང་ཚོ་ཆགས་བཞིན་ཡོད་པ་གོ་བརྡ་ཁ་གསལ་སྤྲོད་རྒྱུ།
༣) རྒྱ་གཞུང་གིས་མི་ལོ་ ༦༠ རིང་བོད་དུ་ཁྲ་ཁྲ་ཟིང་ཟིང་གི་དཔལ་འབྱོར་ཡར་རྒྱས་ཕྲན་བུ་བཏང་ཡོད་ནའང་། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཡི་མི་འབོར་སྤོ་ཤུགས་ཀྱིས་བོད་སར་གཏན་སྡོད་ཆེད་མཐུན་རྐྱེན་བསྐྲུན་པ་ལས། བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་བརྡལ་བཤིག་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། ཕ་ཚེ་བུ་རབས་རིང་དྲག་གནོན་དང་དམར་གསོད་བྱས་པ་སོགས་ཀྱི་གུན་གསབ་ཟུར་ཙམ་ཡང་ ཆགས་ཀྱི་མེད་པ་ཡང་རྒྱ་ནག་དབང་འཛིན་པ་ཚོས་ཤེས་དགོས་རྒྱུ།
༤) རྒྱ་གཞུང་གི་དཔོན་རིགས་ཚོས་གཡས་ཁག་གཡོན་དཀྲི་མི་བྱེད་པར་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་རྣམས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་དང་། དགའ་མོས་ཇི་ཙམ་ཡོད་མེད་རྟོག་ཞིབ་ཆེད་གཟུ་བོར་གནས་པའི་རྒྱལ་སྤྱིའི་གསར་འགོད་པའམ། རྟོག་ཞིབ་མི་སྣ་གཏོང་ཕོད་པའི་གདེང་སྤོབས་ཡོད་དགོས་པ་དྲན་གསོ་བྱ་རྒྱུ།
༥) འདས་པའི་མི་ལོ་༦༠ རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་དང་། ལྷག་པར་དུ་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་དང་འབྲེལ་བའི་ཁྲིམས་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་གཞིས་བྱེས་བོད་མི་རྣམས་ལ་མགོན་དཔུང་དང་འཐབ་གྲོགས་མཛད་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ།
༦) རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཙམ་དུ་མ་ཟད། གྲངས་ཉུང་མི་རིགས་མང་པོར་དབང་བསྒྱུར་བའི་ཁོངས་དེང་སྐབས་ཤར་ཏུར་ཀི་སི་ཐན་ནང་ཆེས་དམ་དྲག་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་དང་། དྲག་གནོན་དེ་རིགས་མཚམས་འཇོག་དགོས་པའི་སྐུལ་མ་ཞུ་རྒྱུ།
༧) འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་ མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལ་རྒྱ་སོགས་འགྱུར་བ་མེད་པའི་རང་བཞིན་ལ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་ཤར་དུས་གཞིས་བཞུགས་བོད་མི་རྣམས་ལ་ལེགས་སྐྱེས་ཤིག་འབུལ་དགོས་པ་ལས་གཞིས་བཞུགས་བོད་མི་རྣམས་བློ་ཕམ་དང་སེམས་ཤུགས་ཆག་གཞི་ནམ་ཡང་མི་འབྱུང་བའི་ཁས་ལེན་བྱ་རྒྱུ་བཅས་རེད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།