གཞུང་འབྲེལ་གྱིས་མང་གཙོ་དུས་ཆེན་ཐེངས་༦༢ པ་སྲུང་བརྩི་ཞུས་སོང་།
བཀའ་ཤག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར་འགོ་འཛུགས་བྱས་ཏེ་ལོ་ངོ་ ༣༠ ལྷག་ཕྱིན་པའི་རིང་། བསྐྱར་བཅོས་རིམ་པར་གནང་ཡོད་ནའང་། ད་དུང་དངོས་ཡོད་གནས་སྟངས་དང་མང་གཙོའི་ལྟ་གྲུབ་དང་མཐུན་པའི་དུས་བསྟུན་བསྒྱུར་བཅོས་དགོས་གལ་གྱི་གནད་དོན་མངོན་གསལ་དེ་དག་ད་རེས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་ཐུབ་པའི་རེ་བ་འཛིན་གྱི་ཡོད་ཅེས་གསུངས་འདུག དེ་བཞིན་སྤྱི་འཐུས་ལྷན་ཚོགས་ནས་མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་འདྲ་མིན་ཡོང་ཆོག་གི་ཡོད་ནའང་རང་རེའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་ཚགས་ཚུད་ཡོང་ཆེད་དང་། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་མི་འགྲོ་བ་དགོས་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཚེ་སྲོག་ལྟ་བུ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་འདུག
ཟླ་༩ པའི་ཚེས་༢ ཉིན་བཞུགས་སྒར་རྡ་ས་མེག་གྷན་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་༦༢ པའི་གཞུང་འབྲེལ་མཛད་སྒོ་འཚོགས་གནང་སོང་།
སྲིད་ཚབ་ཤེས་རིག་བཀའ་བློན་ལྕམ་ལྕང་ར་ཐར་ལམ་སྒྲོལ་མས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་སོང་བ་དང་། གསུང་བཤད་ནང་དུ་འཁོད་དོན། མི་ལོ་འདི་དག་གི་རིང་། ང་ཚོས་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་གྱི་བྱེད་སྒོའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བསྐྲུན་ཐུབ་པའི་གཞི་རྟེན་གཙོ་བོ་ཞིག་ནི། མང་གཙོའི་ལམ་སྲོལ་གསར་གཏོད་ཉམས་ལེན་དང་། ཡར་རྒྱས་འཐུས་ཚང་དུ་གཏོང་ཐུབ་ཡོད་པ་དེ་ཡིན་ཞིང་། མང་གཙོའི་ལམ་སྲོལ་འདི་ནི་བཙན་བྱོལ་དུ་གནས་པའི་རིང་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང་། མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་ལ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཤར་བའི་ཉིན་ང་ཚོས་གཞིས་བཞུགས་སྤུན་ཟླར་འབུལ་རྒྱུའི་ལེགས་སྐྱེས་རྩ་འགངས་ཆེ་ཤོས་ཤིག་ཀྱང་ཡིན་ཞེས་དང་།
དེ་བཞིན་གསུང་བཤད་ནང་དུ་འཁོད་དོན། དེ་རིང་དུས་ཆེན་འདི་ནི་ང་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ནའང་། བར་ལམ་ནས་བོད་ཀྱི་ས་ཁུལ་མི་ཉུང་བ་ཞིག་ཏུ་ཆུ་ལོག་དང་ས་རུད་སོགས་འབྱུང་བའི་གནད་སྐྱོན་དང་། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད་དང་འཕྲད་བཞིན་པའི་ཐོག །རྒྱ་གཞུང་གི་རིམས་འགོག་སྲིད་ཇུས་ཐལ་ཆེར་ལག་བསྟར་བྱས་པའི་དབང་གིས་མི་མང་གི་རྒྱུན་ལྡན་འཚོ་བར་དོ་ཕོག་འགྲོ་བཞིན་འདུག་པར། གཞིས་བཞུགས་སྤུན་ཟླ་ཚོས་སྤྱི་ཚོགས་རྒྱང་བཀྱེད་དང་། གཙང་སྦྲ་འཕྲོད་བསྟེན་གྱི་སྔོན་འགོག་ཐབས་ཤེས་བསྟེན་རྒྱུ་དང་ཆབས་ཅིག ལུང་བརྟག་ཕེབས་སྒོ་བཞིན་སྒྲོལ་མའི་གཟུངས་སྔགས་གང་མང་གྲངས་གསོག་གནང་གལ་གཞེན་སྐུལ་ཞུ་རྒྱུ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་བཀའ་ཤག་གིས་རྐྱེན་སེལ་རིམ་གྲོའི་གསལ་བསྒྲགས་སྔོན་སོང་ལྟར་སྒྲོལ་གཟུངས་གྲངས་གསོག་དགོས་པའི་འབོད་སྐུལ་བསྐྱར་ནན་དུ་ཞུ་རྒྱུ་ཡིན་ཞེས་དང་། འདི་ལོ་ཕྱི་ཟླ་ ༦ ཚེས་ ༢༣ ཉིན། ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་ལོ་རྒྱུས་གནས་བབས་སྐོར་ལ་ཐེངས་དང་པོར་མཁས་པའི་ཉན་ཞིབ་ཅིག་སྐོང་ཚོགས་གནང་སྟེ། མཁས་པ་རྣམ་པས་རྒྱ་ནག་གི་ཡིག་ཚགས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱ་གཞུང་གིས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་བྱེད་པ་དེ་བདེན་པ་མིན་པའི་ཐེར་འདོན་གནང་ཡོད་པ་དང་།
ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝེརན་ (Jim McGovern) ལགས་དང་། སྤྱི་མཐུན་ཚོགས་པའི་ཕྱི་སྲིད་ཀྱི་འགོ་འཁྲིད་མའི་ཁེལ་མེཀ་ཁོལ་ (Michael McCaul) ལགས་རྣམ་གཉིས་ནས་བོད་རྒྱའི་རྩོད་རྙོག་སེལ་རྒྱུར་སྐུལ་འདེད་ཀྱི་ཁྲིམས་འཆར་ (Promoting a Resolution to the Tibet-China Conflict Act) འདོན་གནང་ཐུབ་པར་དགའ་བསུ་དང་བསྔགས་བརྗོད་ཞུ་རྒྱུ། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པ་མ་ཟད། བོད་རྒྱ་དབར་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་རྒྱུའི་འབད་བརྩོན་ལ་གདེང་འཇོག་ཡོང་བར་ཕན་ཐོགས་རྒྱ་ཆེར་འབྱུང་ངེས་ཡིན་པས། ང་ཚོས་ཡུ་རོབ་གཙོས་བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་གང་མང་གིས་དེ་ལྟར་གནང་ཐབས་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་འདུག
གསུང་བཤད་ནང་དུ་མི་འབོར་གྲངས་བཤེར་ཐོག་གསུང་དོན། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༨ ཉིན་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་ཞིག་འགོ་འཛུགས་བྱས་ཏེ། རྒྱ་བལ་འབྲུག་གསུམ་གྱི་གྲངས་འབོར་སྡུད་ལེན་གྱི་ལས་རིམ་གྲུབ་ཟིན་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་འགེངས་ཤོག་ཆ་ཚང་འབྱོར་མཚམས། བཙན་བྱོལ་བོད་མིའི་མི་འབོར་གནས་སྟངས་ཁ་གསལ་ཆགས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལག་བསྟར་བྱ་རྒྱུར་ཚན་རིག་དང་མཐུན་པའི་གྲངས་མཛོད་ཀྱི་གཞི་རྟེན་ཡག་པོ་ཞིག་ཡོང་རེ་ཡིན་ཞེས་གསུངས་འདུག
དེ་བཞིན་སྲིད་སྐྱོང་དང་བཀའ་བློན། ལས་ཁུངས་ཁག་གི་འབྲེལ་ཡོད་འགན་འཁྲིའི་ལས་བྱེད་རྣམས་འདས་པའི་ལོ་གཅིག་ལྷག་རིང་བོད་མིའི་སྡོད་སྒར་ཁག་ཏུ་སྐོར་སྐྱོད་བྱེད་སྐབས། གཤམ་ནས་སྟེང་གི་ཐབས་ཇུས་གཞིར་བཟུང་མི་མང་གི་དགོས་མཁོ་ཇི་ཡིན་རྟོག་ཞིབ་བྱས་ཡོད་པ་དང་། དེ་བཞིན་དུ་བཀའ་ཤག་གིས་སྟེང་ནས་གཤམ་དུ་དགོས་གལ་གཟིགས་ཏེ། སྡོད་ཁང་མེད་མཁན་དང་། དགོས་མཁོ་ཅན་རྣམས་གཞིས་སྒར་ནང་གཞིས་སྤོའི་ལས་གཞི། སོ་ནམ་གཞིས་སྒར་ཁག་ཏུ་སྨན་རྩྭ་འདེབས་ལས་ཀྱི་ལས་འཆར་ལྟ་བུ་བཅས་སྟེང་གཤམ་གཉིས་ཀའི་ཐབས་ཇུས་ཟུང་འབྲེལ་བརྒྱུད། ལས་ཁུངས་མ་ལག་གི་འབྱུང་འགྱུར་ལོ་བཞིའི་ལས་འཆར་ཁག་རོབ་ཙམ་གཏན་འབེབས་བྱེད་ཐུབ་ཡོད་པ་འདིས། ལས་འཆར་ཁག་ས་གནས་སོ་སོའི་དགོས་མཁོ་གཞིར་བཟུང་ཡོངས་ཁྱབ་ཏུ་སྤེལ་ཐུབ་པ་དང་། སྒྲོམ་གཞི་དང་འགྲོ་ལུགས། བསྒྲུབ་བྱའི་ལས་དོན་བཅས་གསལ་པོ་ཆགས་རྒྱུའི་དགེ་མཚན་ཡོད་ཅེས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར་འགོ་འཛུགས་བྱས་ཏེ་ལོ་ངོ་ ༣༠ ལྷག་ཕྱིན་པའི་རིང་། བསྐྱར་བཅོས་རིམ་པར་གནང་ཡོད་ནའང་། ད་དུང་དངོས་ཡོད་གནས་སྟངས་དང་མང་གཙོའི་ལྟ་གྲུབ་དང་མཐུན་པའི་དུས་བསྟུན་བསྒྱུར་བཅོས་དགོས་གལ་གྱི་གནད་དོན་མངོན་གསལ་དེ་དག་ད་རེས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་ཐུབ་པའི་རེ་བ་འཛིན་གྱི་ཡོད་ཅེས་གསུངས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སོང་བ་དང་། དེའི་ནང་དུ་འཁོད་དོན། འཛམ་གླིང་ནང་སྐྱབས་བཅོལ་བའི་སྤྱི་ཚོགས་མང་པོ་ཡོད་པའི་ནང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་མང་གཙོ་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་ཀྱི་བདེན་དོན་འཐབ་རྩོད་དང་། རང་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་རྣམས་གཅེས་སྐྱོང་བྱེད་ཐུབ་པའི་སྤྱི་ཚོགས་དམིགས་བསལ་ཅན་དུ་གྱུར་ཡོད། དེ་ཡང་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་ཉིད་མང་གཙོའི་ཆ་ལག་ཡོངས་སུ་ཚང་ཞིང་། དེང་གི་མང་གཙོའི་སྒྲིག་འཛུགས་གཞན་དང་དོ་ཟླ་ཐུབ་པའི་ཁྱད་ཆོས་ཡོད་པ་ཞིག་ཏུ་གྱུར་བ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་དང་། དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་སྩལ་བའི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པས་བོད་མི་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་ཏུ་གྱུར་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཞལ་ཐབས་བྲལ་བའི་བཀའ་དྲིན་རྣམས་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་གང་ཉིད་མཆོག་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་གསོལ་འདེབས་ཞུ་རྒྱུ་ཡིན།
མང་གཙོའི་རིང་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས། སྤྱི་ཡོངས་སམ་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ཡིན་ལ། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་ཡོང་ཆེད་འཛམ་གླིང་རྒྱལ་ཁབ་ཁག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད། དམག་འཁྲུག་དང་། གྱེན་ལོག འཐབ་རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། མི་མང་གི་དབང་བསྒྱུར་ནུས་ཤུགས་མངོན་འགྱུར་ཡོང་ཐབས་བྱས་དང་བྱེད་མུས་སུ་ཡོད་མོད། བོད་མིའི་མང་གཙོ་ནི་དེ་ལྟ་བུའི་རྣམ་པ་གང་ཡང་བྱུང་མེད་ཅིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོས་མང་ཚོགས་ལ་མང་གཙོ་གསོལ་སྩལ་གནང་བ་ཞིག་ཡིན་པ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནས་གསལ་པོ་ཤེས་ཐུབ།
སྤྱིར་འཛམ་གླིང་ནང་གྲངས་ཐོ་ལྟར་ན་རྒྱལ་ཁབ་གྲངས་ ༡༩༥ ཙམ་ནས་ ༡༦༧ ཙམ་མང་གཙོའི་རྒྱལ་ཁབ་ཀྱི་ངོ་བོར་ཡོད་ཀྱང་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་དང་མ་རྫོགས་པ་ཅི་རིགས་ཤིག་ཚུད་ཡོད། དེ་ཡང་མང་ཚོགས་ཀྱི་མང་གཙོའི་ལྟ་གྲུབ་ཇི་བཞིན་སྐྱོང་ཐུབ་མིན་དང་འགོ་འཁྲིད་ཀྱིས་འགན་ཁུར་བྱེད་ཕྱོགས་བཅས་ལ་རག་ལས་ཡོད། དེ་བཞིན་མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་འདྲ་མིན་ཡོང་ཆོག་གི་ཡོད་ནའང་རང་རེའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་ཚགས་ཚུད་ཡོང་ཆེད་དང་། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་མི་འགྲོ་བ་དགོས་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཚེ་སྲོག་ལྟ་བུ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
དེ་ལྟའི་མང་གཙོའི་སྒྲིག་འཛུགས་ལ་མང་གཙོ་དོན་གཉེར་ཅན་གྱི་རྒྱལ་ཁབ་མང་པོའི་གཞུང་དང་མི་མང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་དེ་དག་གི་གནད་ཡོད་མི་སྣ། མི་སྒེར་ཁག་བཅས་ཀྱིས་བསྔགས་འོས་སུ་གྱུར་བ་ཙམ་དུ་མ་ཟད། བོད་དོན་ཐོག་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་ཤུགས་ཆེ་གནང་མུས་ཐོག རྒྱལ་ཁབ་སོ་སོའི་གྲོས་ཚོགས་སུ་བོད་དོན་ཐོག་ཁྲིམས་ཡིག་དང་། གྲོས་ཆོད་གྲོས་འཆར་བཅས་གང་འཚམས་བཞག་ཐུབ་པ་བྱུང་ཡོད་ཅེས་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གཉིས་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བསྐོང་ཚོགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi) སོགས་ཆེད་ཕེབས་ཀྱིས་གསུང་བཤད་ཀྱང་གནང་ཡོད། ཐེངས་འདིའི་ཚོགས་ཆེན་ནང་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་མི་འདྲ་བ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་དངོས་སུ་ཕེབས་པ་དང་ཁག་ཅིག་གིས་དྲྭ་ཐོག་ནས་ལྷན་ཞུགས་གནང་ཐུབ་པ་བྱུང་ཡོད། དེ་དང་ལྷན་དུ་བོད་ཀྱི་དཀའ་རྙོག་སེལ་ཐབས་ཐོག་འཕྲད་བཞིན་པའི་དཀའ་ངལ་ཞེས་པའི་བརྗོད་གཞིའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional Executive Commission on China) གི་འགན་ཁུར་བཞེས་ཏེ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བོད་ཀྱི་ལོ་རྒྱུས་གནས་བབ་ཐད་ལོ་རྒྱུས་མཁས་དབང་རྣམ་པས་བོད་དོན་ཉན་ཞིབ་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་དེ་ནམ་ཡང་རྒྱ་ནག་གི་མངའ་ཁོངས་མིན་པའི་བདེན་དཔང་གནང་ཡོད། དེ་བཞིན་ཚོགས་ཆེན་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པ་ (INPaT) སླར་གསོ་དང་། ཝ་ཤིང་ཊོན་སྤྱི་བསྒྲགས་ (Washington Declaration) དང་། ཝ་ཤིང་ཊོན་ལག་བསྟར་འཆར་གཞི་ (Washington Action Plan) བཅས་སྤྱི་མོས་ཐོག་གཏན་འབེབས་གནང་ཐུབ་པ་བྱུང་བ་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་འཕྲོད་ཡོད་ཅིང་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ངོ་བོར་གྱུར་ཅིང་རྒྱ་ནག་ནང་གི་གནད་དོན་གཅིག་པུ་མིན་པ་གསལ་སྟོན་གནང་ཐུབ་ཡོད།
བཙན་བྱོལ་བོད་མི་རྣམས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་རང་དབང་མང་གཙོའི་སྐལ་བཟང་ལ་ལོངས་སུ་སྤྱོད་བཞིན་ཡོད་ནའང་། གཞིས་བཞུགས་སྤུན་ཟླ་རྣམས་ནི་ད་དུང་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་འོག་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རང་དབང་དང་། མང་གཙོ་སོགས་གང་ཡང་མེད་པར་ཉེས་མེད་འཛིན་བཟུང་དང་། བཀག་ཉར། བཙོན་འཇུག་ཁྲིམས་གཅོད། དྲག་གནོན་མནར་གཅོད་སོགས་ཀྱི་འོག་མུ་མཐུད་གནས་བཞིན་ཡོད་པ་དེའི་ཐོག དེང་གི་ཆར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྩ་མེད་ཀྱི་སྲིད་བྱུས་ཟེར་བ་ལ་བརྟེན་ནས་བོད་ནང་གི་བོད་མིར་འགྲོ་བསྐྱོད་དང་བཟའ་བཅའི་རིགས་མཁོ་སྒྲུབ་སོགས་ལ་དཀའ་ངལ་ཚད་མེད་འཕྲད་བཞིན་པ་དང་། དོན་དངོས་སུ་ནད་ཡམས་སྔོན་འགོག་དང་སྲུང་སྐྱོབ་གང་ཡང་མེད་པར་ནད་ཡམས་ཁྱབ་གདལ་གཏོང་བ་ལྟ་བུ་མི་མང་རྣམས་བཙན་ཤེད་ཀྱི་འདུ་འཛོམས་ལག་བསྟར་གྱིས་རྒྱ་གཞུང་ནས་གུང་ཁྲན་ཏང་གི་སློབ་གསོའི་དྲིལ་བསྒྲགས་ཆེད་མིའི་ཚེ་སྲོག་ལ་ལྟོས་མེད་ཀྱིས་གོ་དབང་བེད་སྤྱོད་ལོག་པར་སྤྱོད་བཞིན་པ་ནི་ཧ་ཅང་ནོར་འཁྲུལ་ཅན་ཞིག་ཏུ་གྱུར་ཡོད།
དེ་བཞིན་བོད་ནང་གི་བོད་མི་ཚོ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་མིན་ལ་མ་ལྟོས་པར། དེ་སྔ་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞི་ཡིག་ཐོག་གསལ་གསལ་ཐིང་ཐིང་ཡོད་རུང་། ད་ཆ་རྒྱ་ནག་གཞུང་གིས་ཁྲིམས་གཞི་དེ་དག་རིམ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཞེས་པའི་འོག་རྨེག་མེད་དུ་གཏོང་བའི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་རྒྱུ་ཟེར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ཟེར་བའི་མཛུབ་སྟོན་རབས་དང་རིམ་པ་བྱས་ཡོད་པ་མ་ཟད། ལྷག་དོན་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་སྲིད་བྱུས་ཡོད་མོད། ད་ཆ་ཀྲུང་ཧྭ་མི་རིགས་གཅིག་གི་གྲུབ་ཆར་གྱུར་ཟིན་པ་མངོན་ཐབས་བྱེད་བཞིན་ཡོད་པ་སོགས་མདོར་ན་བོད་མི་རིགས་དང་རིག་གཞུང་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་ཡོད། གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་སྲིད་བྱུས་དེ་དག་ལ་མི་འདོད་པའི་ཞི་རྒོལ་རྒྱུན་མི་ཆད་པར་སྤེལ་བཞིན་པ་དང་། རང་རེའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས་པ་ནི་བཙན་བྱོལ་བོད་མི་ཚོའི་ལས་འགན་གཙོ་བོ་ཡིན་པས་ནམ་ཡང་བརྗེད་མི་རུང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དུས་ནས་དུས་སུ་རྒྱལ་སྤྱིའི་ནང་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མིར་འབྲེལ་བ་གང་ཐུབ་ཞུས་དང་ཞུ་མུས་ཐོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་འགྲོ་ལུགས་ཚད་ལྡན་ཡོང་ཕྱིར་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་གི་ས་གནས་འཐུས་ཚོགས་ཀྱི་ལས་དོན་ཚགས་ཚུད་དང་སྲ་བརྟན་ཡོང་སླད། ས་འཐུས་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་འབུལ་རྒྱུའི་ལས་རིམ་ཡོད། ཕྱི་ཟླ་ ༩ པའི་གྲོས་ཚོགས་གྲོལ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱལ་ས་ལྡི་ལིར་ཉིན་གྲངས་ལྔའི་རིང་ཐབས་བྱུས་ཚོགས་འདུ་ཞིག་འཚོགས་རྒྱུ་གཏན་ཁེལ་ཡོད། དེ་བཞིན་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་མང་ཚོགས་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་འགོ་འཛུགས་ཞུས་ཟིན་པས་རྒྱ་ཆེའི་མི་མང་ནས་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད། གཞན་ཡང་ཡུ་རོབ་ཁུལ་དུ་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ཞུ་བསྐུལ་གྱི་ལས་རིམ་གང་འཚམས་གཏན་ཁེལ་ཡོད་ཅེས་གསུངས་འདུག
སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཀང་ར་རྫོང་ཁུལ་གྱི་གྲོས་ཚོགས་འཐུས་མི་ཝི་ཤལ་ནཱི་ཧི་ར་ཡིས་གསུང་དོན། དེ་རིང་བོད་མི་ཚོར་མཚོན་ན་ཉིན་མོ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དང་། དེ་གར་ང་རང་མགྲོན་འབོད་ཞུས་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་བོད་མི་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་ཁོང་གིས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྡ་ས་དེ་ཉིད་རྒྱ་གར་དང་རྒྱལ་སྤྱིའི་ནང་ཆེ་མཐོང་གི་ངོས་འཛིན་ཞིག་ཐོབ་ཡོད་པ། རྡ་སར་རྒྱ་གར་མི་མང་དང་བོད་མི་བར་མཛའ་མཐུན་ངང་གནས་བཞིན་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་ནས་གནས་རྒྱུ་ཡིན་པ། བོད་མི་ཚོས་རང་གི་རིག་གཞུང་ཉར་ཚགས་ཤིན་ཏུ་ཡག་པོ་གནང་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རྒྱལ་ཁབ་གཅིག་ལ་གལ་ཆེ་ཤོས་ནི་རིག་གཞུང་ཡིན་པས། བོད་མི་ཚོས་རིག་གཞུང་སྲུང་སྐྱོབ་མུ་མཐུད་ནས་གནང་རོགས་ཞེས་སོགས་གསུངས་གནང་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།