གཞུང་འབྲེལ་མཆོད་འབུལ་སྨོན་ལམ།
ཟླ་འདིའི་ཚེས་༤ ཉིན་གྱི་ཕྱི་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་གི་གོ་སྒྲིག་འོག ཕྱི་ཟླ་༨པའི་ཚེས་༢༧ དགོང་མོར་བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་། བསང་ཁོག་ཡུལ་ཚོ་དངུལ་ར་སྡེ་བ་ནས་ཡིན་པའི་བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ།
ཟླ་འདིའི་ཚེས་༤ ཉིན་གྱི་ཕྱི་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་གི་གོ་སྒྲིག་འོག ཕྱི་ཟླ་༨ པའི་ཚེས་༢༧ དགོང་མོར་བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་། བསང་ཁོག་ཡུལ་ཚོ་དངུལ་ར་སྡེ་བ་ནས་ཡིན་པའི་བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པས་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང།
གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཐོག་རྣམ་རྒྱལ་གྲྭ་ཚང་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་ཞུགས་ཐོག སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དབུས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་། སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་ས་གནས་ཀྱི་དགེ་འདུན་པ་རྣམ་པ་དང་མི་མང་སོགས་མཉམ་འཛོམས་བྱས་འདུག
སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་མཆོད་འབུལ་སྨོན་ལམ་དང་འབྲེལ་ནས་གསུང་དོན་གཙོ་བོར་ “ང་ཚོས་དཔའ་བོ་དཔའ་མོ་དེ་དག་བརྗེད་མི་ཉན་པ་དང། འཛམ་བུ་གླིང་འདིར་རང་ཉིད་ཀྱི་དགྲ་བོ་ལ་འཚེ་བ་དང་གནོད་པ་བྱེད་འདོད་མེད་པར།རང་ལུས་མེར་སྲེག་མཁན་ནི་ང་ཚོ་བོད་ཀྱི་དཔའ་བོ་དཔའ་མོ་མ་གཏོགས་ལོ་རྒྱུས་ནང་བྱུང་མྱོང་མེད་པ་རེད། ང་རང་སྒེར་ནས་རྒྱལ་གཅེས་དཔའ་མོ་བཀྲ་ཤིས་སྐྱིད་ལགས་མྱུར་དུ་མིའི་ལུས་སུ་སྐྱེས་བ་བླངས་བ་དང། དེ་ཡང་བོད་ཡུལ་དུ་སྐྱེས་བའི་སྨོན་ལམ་རྒྱབ་ཀྱི་ཡིན།གང་ལགས་ཟེར་ན་ང་ཚོར་དཔའ་མོ་ཁོང་འདྲ་བོ་དགོས་པ་རེད།”ཅེས་གསུངས་སོང།
བཀྲ་ཤིས་སྐྱིད་ལགས་ནི་ལོ་འདིའི་ནང་རང་ལུས་མེར་སྲེག་མཁན་༧ པ་དེ་ཆགས་ཡོད་པ་དང། ཕྱི་ལོ་༢༠༠༩ ནས་ད་བར་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་མཁན་༡༤༢ བྱུང་ཡོད་པའི་ཁྲོད་སྐུ་གྲོངས་བ་༡༢༣ ཤེས་རྟོགས་བྱུང་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།