གཞོན་ལྷན་གྱི་དབུས་རྒྱུན་གསུམ་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་གྱིས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་དང་། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཆེད་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་གྱིས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་དང་། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཆེད་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྗན་ཊར་མ་ཏར་དུ། ཟས་བཅད་ངོ་རྒོལ་ལས་འགུལ་འགོ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨེན་དྷི་ཤི་ ཀུ་མར་ (Indresh Kumar) གྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
ཟས་བཅད་ངོ་རྒོལ་བྱེད་མཁན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད། གཞོན་ལྷན་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག གཞོན་ལྷན་ཕྱི་འབྲེལ་དང་སྒྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་བཅས་ཡིན་པ་རེད།
དེ་ཡིན་ཉིན་དེར་བོད་ཀྱི་གཞོན་ལྷན་ཚོགས་ཀྱིས་ལས་འགུལ་དེ་སྤེལ་དགོས་དོན་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “སྤྱི་ལོ་ ༢༠༡༥ ཟླ་བ་ ༨ ཚེས་ ༢༥ ཉིན་རྒྱལ་གཅེས་དཔའ་མོ་བཀྲིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་བྱས་ཡོད་པ་དང་ཉིན་དེ་རང་དུ་ཁོང་འདས་གྲོངས་སུ་སོང་ཡོད། རྒྱལ་གཅེས་དཔའ་མོ་བཀྲིས་སྐྱིད་ལགས་ནི་འདི་ལོར་རང་ལུས་མེར་སྲེག་གནང་མཁན་བདུན་པ་དེ་དང་། བོད་ཕྱི་ནང་གཉིས་སུ་རང་ལུས་བསྲེགས་ཀྱི་འཚེ་བ་མེད་པའི་ལས་འགུལ་སྤེལ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་ ༡༤༩ པ་དེ་ཆགས་ཡོད་པ་རེད་”ཅེས་དང་།
གསལ་བསྒྲགས་ནང་མུ་མཐུད་འཁོད་དོན། “སྙིང་སྟོབས་ཅན་གྱི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོས་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་དགོས།” “བོད་ལ་རང་དབང་དགོས།” ”བོད་རང་བཙན་ཡིན།” སོགས་ཀྱི་འབོད་ཚིགས་ཐོག་ནས་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་གིས་དེ་དག་ལ་འགན་འཁུར་གྱིས་ཡ་ལན་སྤྲོད་རྒྱུ་ལས་ཟློག་ཏེ། བོད་ནང་གི་བོད་མིའི་ཐོག་དམ་དྲག་ཇེ་ཆེར་བཏང་བ་མ་ཟད། བོད་མི་མགོ་ནག་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཚུངས་ཟླ་མ་འཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་བསྐུར་འདེབས་ཚད་མེད་ཞུ་བཞིན་པ་ནི་བོད་མིའི་སེམས་ལ་བཟོད་ཐབས་མེད་པའི་རྨ་ཁ་ཞིག་ཏུ་གྱུར་ཡོད། གཞན་ཡང་རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་སོགས་ལ་ཨ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་ནས་བོད་ཀྱི་གནད་དོན་ཐོག་ཁྱོག་བཤད་ཀྱི་རྫུན་གཏམ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ཀྱང་བོད་ཀྱི་ཛ་དྲག་གནས་སྟངས་དང་། བོད་མི་ཚོས་རང་གི་ལུས་སྲོག་མེ་རུ་བསྒྲོན་ནས་ཞུ་འབོད་བྱས་པའི་དགོས་འདུན་ཁག་ལ་དོན་ཕན་ལྡན་པའི་འགན་ཁུར་གནང་མེད་པས། ང་ཚོས་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་གདེང་འཇོག་གིས་བོད་ཀྱི་གནད་དོན་ཐོག་ཆིག་སྒྲིལ་གྱིས་རྒྱ་ནག་དྲག་སྤྱོད་སྲིད་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཕྱིས་དྲག་པ་ལས་སྔ་དྲག་མེད་པ་གསལ་བརྗོད་བྱ་རྒྱུ་ཡིན་”ཞེས་བརྗོད་འདུག
གསར་འགོད་གསལ་བསྒྲགས་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐོར་འཁོད་དོན། “༡༩༤༩ ལོར་རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་གྱིས་དབང་བསྒྱུར་བྱ་རྒྱུའི་འགོ་འཛུགས་བྱས་པ་ནས་བཟུང་ད་བར་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། དེ་བཞིན་བོད་མིའི་ངོ་བོ་རྩ་མེད་གཏོང་ཆེད་དུ་ཞེ་སྣག་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་འདྲ་མིན་ཞིག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། ད་ལྟ་བོད་ནང་གི་གྲོང་ཁྱེར་དང་གྲོང་རྡལ་ཁག་ལ་རྒྱ་རིགས་ཤུགས་ཆེ་གནས་སྤོ་བྱས་ནས་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཟིན་པ། བོད་ཀྱི་ས་ཁུལ་གང་ས་ནས་གཏེར་ཁ་བསྔོགས་འདོན་དང་། ཤིང་ནགས་གཅོད་བྲེག་སོགས་འཛམ་གླིང་སྤྱི་དང་ཡང་སྒོས་ཨེ་ཤེ་ཡ་གླིང་འཕྲན་གྱི་འཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་རང་བྱུང་འཁོར་ཡུག་ལ་ཚད་ལས་འདས་པའི་གཏོར་ཤིག་གཏོང་བཞིན་པ་འདི་ནི། བོད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གོད་ཆགས་དང་གཏོར་གཤིགས་ཆེན་པོ་ཞིག་ཆགས་པས། ད་ལྟའི་བོད་ཀྱི་སྣོད་བཅུད་ནི་ཤི་གསོན་གྱི་མཚམས་ན་གནས་པའི་ཛ་དྲག་གི་དུས་སྐབས་ཤིག་ཆགས་ཡོད་”ཅེས་འཁོད་འདུག
ལས་འགུལ་དེའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལ་གཤམ་འཁོད་ཀྱི་དོན་ཚན་ལྔ་ཅན་གྱི་དགོས་འདུན་བཏོན་ཡོད་པ་རེད།
༡༽་་་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས།
༢༽་་རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་དགོས།
༣༽་་་རྒྱ་ནག་སྲིད་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས།
༤༽་་་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།
༥༽ ་རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས།།
གསར་འགོད་པ་ཆོས་ཉིས་འོད་ཟེར་གྱིས།