གལ་སྲིད་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་མེད་པ་ཆགས་ན་ང་ཚོའི་ཡིག་ཆ་དེའང་ནུས་མེད་ཆགས་པ་ཡིན་སྐོར་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
“གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མེད་པ་ཆགས་པ་ཡིན་ན། ཡང་མིན་ན་གཞི་རིམ་གྱི་འགྱུར་བ་ཕྱིན་པ་ཡིན་ན། ད་ལྟའི་རྩ་ཁྲིམས་ནང་ཡོད་པའི་གྲངས་ཉུང་མི་རིགས་༥༥ ཡི་ཐོབ་ཐང་ད་ལྟ་ཡོད་པ་དེ་ཆ་ཚང་མེད་པ་ཆགས་པ་ཡིན་ན། ང་ཚོའི་[ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ཡིག་ཆ་]ཡིག་ཆ་དེའང་མེད་པ་ཆགས་པ་རེད། ནུས་པ་མེད་པ་ཆགས་པ་རེད་”ཅེས་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
“གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མེད་པ་ཆགས་པ་ཡིན་ན། ཡང་མིན་ན་གཞི་རིམ་གྱི་འགྱུར་བ་ཕྱིན་པ་ཡིན་ན། ད་ལྟའི་རྩ་ཁྲིམས་ནང་ཡོད་པའི་གྲངས་ཉུང་མི་རིགས་༥༥ ཡི་ཐོབ་ཐང་ད་ལྟ་ཡོད་པ་དེ་ཆ་ཚང་མེད་པ་ཆགས་པ་ཡིན་ན། ང་ཚོའི་[ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ཡིག་ཆ་]ཡིག་ཆ་དེའང་མེད་པ་ཆགས་པ་རེད། ནུས་པ་མེད་པ་ཆགས་པ་རེད་”ཅེས་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་གོ་སྒྲིག་བྱས་པའི་“དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ་”དེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོག་གི་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཕེབས་འདུག
དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོོ་ཆེས་གོ་སྒྲིག་ཞུ་མཁན་དང་ཚོགས་བཅར་ཡོངས་ལ་བསྔགས་བརྗོད་དང་དགའ་བསུ་གནང་རྗེས། དབུ་ལམ་གྱི་བྱུང་རིམ་དང་དེའི་རྒྱབ་ལྗོངས་ཐོག་ལ་བཀའ་སློབ་གནང་དོན། “དབུ་མའིི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་ནས་གཞུང་འབྲེལ་རང་གིས་གསལ་བསྒྲགས་གནང་ནས་བཟུང་སྟེ་བརྩིས་པ་ཡིན་ན། ལོ་༤༥ ཏག་ཏག་འཁོར་འགྲོ་ཡི་ཡོད་རེད། ཕྱི་ལོ་༡༩༧༤ ནས་༢༠༡༩ བར་རེད། ༧གོང་ས་མཆོག་གིས་དགོངས་པ་བཞེས་པའི་དབང་དུ་བརྩིས་པ་ཡིན་ན་དེའི་སྔོན་ལ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མ་བཀའ་གནང་བ་དེ་༦༨ ལོ་ལ་ང་དྷ་ཧོ་སི་ལ་སློབ་སྤྱི་ཡིན་པའི་སྐབས་ལ། ༧གོང་ས་མཆོག་དེར་ཞབས་སོར་འཁོད་པའི་སྐབས་ལ་དེའི་དགོངས་ཚུལ་གྱི་རྒྱབ་ལྗོངས་དང་། དགོས་པ་རྒྱུ་མཚན་ཞིབ་ཅིང་རྒྱས་པ་ཞིག་བཀའ་སློབ་གནང་སོང་། དེ་དུས་ང་རང་གི་བསམ་བློའི་ཆུ་ཚོད་ལྟ་བུར་མཚོན་པ་ཡིན་ནའང་། ལམ་སང་༧གོང་ས་མཆོག་གིས་གང་གསུངས་པ་དེ་འཕྲལ་དུ་དེ་རང་ཡིན་པར་ངོས་འཛིན་ཞུ་ཐུབ་པའི་ནུས་པ་མ་སྨིན་པའི་སྐབས་འདྲ་བོ་རེད། དེའི་རྗེས་ལ་སྲིད་བྱུས་དེ་ཡར་རྒྱས་དང་ལེགས་བཅོས་མང་པོ་ཕྱིན་ནས་མཐའ་མ་དེར་ཡོངས་ཁྱབ་ཀྱི་ཡིག་ཆ་དེ་གཏན་འབེབས་བྱེད་ཐུབ་པ་དེ་བྱུང་ནས་མང་པོ་ཕྱིིན་ཡོད་རེད། དེར་བརྟེན་བོད་པའི་སྤྱི་ཚོགས་ནང་དང་། བོད་རིགས་ན་གཞོན་ཚོའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན། དེའི་བྱུང་རིམ། དེའི་འགྱུར་བ་འགྲོ་ཕྱོགས། དེའི་འཕེལ་རིམ་དེ་ཚོ་མ་མཁྱེན་པ་ཡོད་མ་རེད་བསམ་གྱི་འདུག མ་མཁྱེན་པ་མེད་དགོས་པའི་བཟོ་འདྲ་བོ་རེད། ང་ཚོའི་རྩ་དོན་གྱི་ལྟ་གྲུབ་ཅིག་དང་། རྩ་དོན་གྱི་སྲིད་བྱུས་ཤིག་ཡིན་དུས་སྐབས་ལ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་དང་། ལྷག་པར་དུ་ཤེས་ཡོན་སློབ་སྦྱོང་བྱེད་མཁན་བོད་རིགས་ཚང་མས་གསལ་པོ་མཁྱེན་དགོས་པ་དང་། མཁྱེན་གི་ཡོད་ཤག་རེད་” ཅེས་གསུངས་སོང་།
ཟམ་གདོང་རིན་པོ་ཆེས་མི་མང་ཁྲོད་ལས་འགུལ་དང་འབྲེལ་གསུང་དོན། “མི་མང་ལས་འགུལ་ཁང་ནས་ཡང་ཡང་གསལ་བསྒྲགས་དང་། དེ་རིང་འདིར་ཁོང་རང་ཚོས་གསུངས་པ་ནང་བཞིན་གནང་རྒྱུ་གོ་སྐབས་བྱུང་ཡོད་རེད། དེའི་སྔོན་ནས་གནང་ཡོད་རེད་ལ། དེ་རིང་འདིར་འདི་ལྟར་གནང་བཞིན་པ་རེད། དེ་འདྲ་ཡིན་པས་དེ་བསྐྱར་ལྡབ་ཞུ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་བསམ་གྱི་འདུག དབུ་མའི་ལམ་གྱི་དོན་དག་ག་རེ་རེད། ཐབས་གཉིས་དེ་ག་རེ་རེད། དེ་ག་འདྲ་བྱས་ནས་སྒྲུབ་དགོས་རེད། དེ་ག་འདྲ་བྱས་ནས་བྱུང་བ་རེད། དེའི་ཐོག་ལ་བགྲོ་གླེང་ག་རེ་བྱུང་ཡོད་རེད། བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ནས་ག་འདྲ་བྱས་ནས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པ་རེད། དམིགས་བསལ་ཚོགས་ཆེན་ཐོག་ནས་ག་འདྲ་བྱུང་བ་རེད། དེ་ཚོ་ཡོངས་གྲགས་ཀྱི་གནས་སྟངས་ཤིག་རེད། དེ་ཡིན་པས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ངས་དེ་ཚོ་བསྐྱར་ལྡབ་ཞུས་བསྡད་པ་ཡིན་ན། དགོས་པ་མེད་པ་འདྲ་བོ་ཞིག་རེད། དེ་ཚོ་ཚང་མ་མཁྱེན་གི་ཡོད་པ་གཞིར་བཞག་བྱས་ནས་འགྲོ་གི་ཡོད། གལ་སྲིད་མཁྱེན་གྱི་མེད་པ་ཡིན་ན། དེ་ཚོའི་ཐོག་ལ་ཡིག་ཐོག་ལ་པར་བརྒྱབ་བཞག་པ་མང་པོ་ཡོད་རེད་”ཅེས་གསུངས་པ་དང་། དབུ་མའི་ལམ་ལ་རྟེན་པའི་ལོག་རྟོག་དང་འཁྱོག་བཤད་ལ་གསལ་བཤད་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་སྐབས། གཞི་རིམ་གྱི་གོ་རྟོགས་མང་པོ་ཞིག་ཚང་དགོས་པ། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བྱས་ཏེ་ལག་ལེན་བསྟར་བའི་སྐབས་ལ། ང་ཚོས་ངེས་པར་དུ་གནང་དགོས་པའི་དོན་དག་ག་རེ་ཡོད་མེད་སྐོར་བཅས་དོན་ཚན་རིམ་པ་གསུམ་དུ་བགོས་ནས་བཀའ་སློབ་གནང་བའི་ནང་། དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐོག་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་འཆར་བཏོན་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་མིགས་བསལ་ཚོགས་ཆེན་རིམ་པ་བརྒྱུད་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་ལས། ༧རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་དང་། བཀའ་ཤག་གི་དབུ་མའི་ལམ་གྱི་སྲིད་བྱུས། ཟམ་གདོང་བླ་མའི་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེར་གཞི་རྩ་མེད་ཚུལ་གསུངས་སོང་།
གཞན་ཡང་། དབུ་མའི་ལམ་གྱི་གྲུབ་འབྲས་དང་འབྲེལ་བའི་ཐད་ལ་ཁོང་གིས་“བོད་ཡོངས་རྫོགས་ཀྱིས་དབུ་མའི་ལམ་ཁས་བླངས་ནས་ལས་འགུལ་གཞན་པ་ཞིག་གང་ཡང་བྱུང་ཡོད་མ་རེད། ད་ལྟ་བར་དུ་བྱུང་ཡོད་མ་རེད། བྱས་ཙང་དབུ་མའི་ལམ་གྱི་སྲིད་བྱུས་ལ་གྲུབ་འབྲས་མ་ཐོན་པ་ཡིན་ན། སྲིད་བྱུས་གཞན་པ་ལ་གྲུབ་འབྲས་ཐོན་པ་ཡོད་པ་ཡིན་ན། དེ་གསལ་པོར་མི་མང་གི་ངོས་ནས་བཞག་དགོས་པ་ཞིག་རེད། དེ་ཡོད་པ་ཡིན་ན། གྲུབ་འབྲས་ཡོད་པ་དེ་ལ་མི་མང་གི་ངོས་ནས་ལན་འདེམས་ཀྱི་རེད་མ་གཏོགས་གྲུབ་འབྲས་མེད་པ་དེར་སྡོད་དགོས་པ་གང་ཡང་ཡོད་མ་རེད། བྱས་ཙང་དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་གཞན་པས་གྲུབ་འབྲས་ག་རེ་བྱུང་ཡོད་རེད། དེའི་གནས་སྟངས་དེར་ཞིབ་འཇུག་གནང་དགོས་པ་གལ་ཆེན་པོ་རེད། གྲུབ་འབྲས་མེད་པ་འདྲ་འདྲ་ཡིན་ན། མ་འོངས་པར་ག་རེ་གྲུབ་འབྲས་ཡོང་བའི་རེ་བ་ཆེ་བ་ཡོད་རེད། དེའི་ཐོག་ལ་ལྟ་རྒྱུ་རེད་མ་གཏོགས་ད་ལྟ་ཕན་ཆད་ལ་འདི་ལ་གྲུབ་འབྲས་ཆེ་བ་ཐོན་པ་རེད་དང་། འདི་ལ་གྲུབ་འབྲས་ཆུང་བ་ཐོན་པ་རེད་ཟེར་བའི་མཚུངས་བསྡུར་བྱེད་རྒྱུ་ཞིག་ཡོད་པ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་ལ་གྲུབ་འབྲས་ཐོན་ཡོད་མ་རེད་ཟེར་གསུངས་པ་ཡིན་ན། ཐུགས་ཞེ་ས་མ་ཞུས་ན་ཞལ་རྫུན་ཆགས་ཀྱི་མ་རེད། དེ་མེད་པར་གསུངས་པ་ཡིན་ན། ཞེ་ས་མ་ཞུས་ན་ཞལ་རྫུན་རང་གསུང་གི་ཡོད་རེད། ཞལ་རྫུན་དང་ཧམ་པ་ཆེན་པོ་བྱས་ནས་གསུང་གི་ཡོད་རེད་”ཅེས་གསུངས་པ་མ་ཟད། གལ་སྲིད་༧གོང་ས་སྐྱབས་མགོན་ཆེན་པོས་ཕྱི་ལོ་ ༡༩༧༤ ལོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་སྟེ་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་མཛད་མེད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་འཚོ་གནས་ཐུབ་ཡོད་མེད་དོགས་གཞིར་གྱུར་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱ་གར་དུ་ཡོང་མཁན་མི་རེ་ངོ་རེ་ལ་ཁེ་ཕན་རག་ཡོད་པ། དེ་བཞིན་བོད་ཀྱི་ཤེས་ལྡན་པ་མང་པོས་དབུ་མའི་ལམ་གྱིས་བོད་ནང་ལའང་མངོན་པར་མ་བསལ་བའི་སྒོ་ནས་ཕན་ཐོགས་བྱུང་ཡོད་སྐོར་སོགས་གསུངས་སོང་།
དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཡང་དག་པ་ཞིག་རྟོགས་པ་ལ་གཞི་རིམ་གྱི་དགོས་མཁོ་ཁ་ཤས་ཤིག་ཡོད་པ་དང་། གཞི་རིམ་གྱི་དགོས་མཁོ་དེ་ཡང་ཐད་ཀའི་གཞི་རིམ་གྱི་དགོས་མཁོ་དང་། གཞན་གྱི་དགོས་མཁོ་དབྱེ་རྒྱུ་ཡོད་པ། ཐད་ཀའི་གཞི་རིམ་དགོས་མཁོ་ནི། དབུ་མའི་ལམ་གྱི་སྲིད་བྱུས་ཞིབ་ཅིང་ཚགས་པ་བསམ་འཆར་ཡིག་ཆའི་ནང་ལ་བཀོད་པ་དེའི་འབྱུང་ཁུངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་སྟར་བཞིན་པའི་རྩ་ཁྲིམས་དེ་ཡིན་པ། རྒྱ་ནག་གིས་རྩ་ཁྲིམས་ནང་ཡོད་པའི་ཆ་རྐྱེན་ཡོངས་སུ་རྫོགས་པ་དེ་མཁྱེན་དགོས་རྒྱུ་ནི་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཤེས་པའི་ཡན་ལག་མེད་དུ་མི་རུང་ཆགས་ཀྱི་ཡོད་པ། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མེད་པ་ཆགས་པ་ཡིན་ན། ང་ཚོའི་དབུ་མའི་ལམ་གྱི་ཡིག་ཆའང་ནུས་པ་མེད་པར་འགྱུར་གྱི་ཡོད་ཚུལ་སོགས་གསུངས་སོང་།
ཐེངས་འདིའི་ཚོགས་ཆེན་དེ་ཉིན་གཉིས་རིང་ཚོགས་འདུའི་ཐོག་ཚོགས་ཞུགས་པ་༥༠ ཙམ་ཡོད་པ་དང་། གནད་ཡོད་མི་སྣས་གཏམ་བཤད་དང་ནང་ཁུལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།
རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་གྱིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་༧གོང་ས་མཆོག་གིས་གསུང་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་སམ་ལྟ་གྲུབ་དེ་དག་ལག་ལེན་བསྟར་ཏེ། མ་འོངས་པར་བོད་གཞིས་བྱེས་གཉིས་ནས་བོད་པ་དེ་མི་རིགས་ཁྱད་ཆོས་སྣ་མང་ལྡན་པ་ཞིག་ཆགས་དགོས་ན་སྲིད་བྱུས་འདིར་མ་བརྟེན་ཐབས་མེད་ཆགས་ཡོད་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་སྟེང་མི་མང་རང་བཞིན་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་དང་། མི་མང་གི་མགོ་འཁྲིད་མཁན་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་སོགས་ཡིན་པས། ཁ་ཕྱོགས་དེ་འདྲ་ཞིག་གི་འོག་ནས་ན་གཞོན་གྱི་ཚོགས་འདུ་འདི་ལྟ་བུ་ཞིག་གོ་སྒྲིག་དང་མ་འོངས་པར་མུ་མཐུད་ཚོགས་རྒྱུ་ཡིན་སྐོར་བརྗོད་སོང་།།
གསར་འགོད་པ་དཀོན་མཆོག་རབ་བརྟན།