གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་ན། ཨོ་སི་ཁྲུ་ལི་ཡས་ཀྱང་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཟེར་འདུག
ཨ་རིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བསྒྲགས་རྗེས། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་བློན་ཆེན་ཕི་ཊར-ཌུ་ཋོན་(Peter Dutton) གྱིས་ཀྱང་གལ་སྲིད་གནས་ཚུལ་དེ་བྱུང་བ་ཡིན་ན། ཨོ་སི་ཁྲུ་ལི་ཡ་ཨ་རིའི་རྒྱབ་ཏུ་ལང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
ཨ་རིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བསྒྲགས་རྗེས། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་བློན་ཆེན་ཕི་ཊར-ཌུ་ཋོན་(Peter Dutton) གྱིས་ཀྱང་གལ་སྲིད་གནས་ཚུལ་དེ་བྱུང་བ་ཡིན་ན། ཨོ་སི་ཁྲུ་ལི་ཡ་ཨ་རིའི་རྒྱབ་ཏུ་ལང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༥ རེས་གཟའ་ཉི་མའི་ཉིན་ཨོ་སི་ཁྲུ་ལི་ཡའི་གནམ་གྱི་གསར་ཁང་(Sky News) ནས་རྒྱལ་སྲུང་བློན་ཆེན་ཕི་ཊར-ཌུ་ཋོན་ལ་རྒྱལ་ཁབ་ཀྱི་མ་འོངས་པའི་བདེ་འཇགས་དང་འབྲེལ་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་བསྟན་པའི་ནང་། ཁོང་གིས་གལ་སྲིད་རྒྱ་ནག་གིས་ཨོ་སི་ཁྲུ་ལི་ཡའི་ཁྱིམ་མཚེས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཨོ་སི་ཁྲུ་ལི་ཡ་ཨ་རི་དང་མཉམ་དུ་ལངས་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེང་སྐབས་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་རྒྱུན་མི་ཆད་པར་བཏང་ནས་མི་འགྱངས་པར་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཤུགས་ཆེན་བྱེད་ཀྱིན་ཡོད་སྟབས། ཨ་རི་དང་ཉི་ཧོང་གིས་གཙོས་པའི་མང་གཙོའི་རྒྱལ་ཁབ་རྣམས་སེམས་འཚབ་ཆེན་པོ་ལངས་ནས་ཚ་ཚ་འུར་འུར་ངང་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། བདུན་ཕྲག་གོང་མར་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་དངོས་སུ་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་ན། ཨ་རི་ཐའེ་ཝན་གྱི་རྒྱབ་ཏུ་ལངས་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད།
གནམ་གྱི་གསར་ཁང་གི་བཅར་འདྲི་དེའི་ཐོག རྒྱལ་སྲུང་བློན་ཆེན་ཁོང་ལ་མ་འོངས་པར་རྒྱ་ནག་དང་ཨོ་གླིང་གཉིས་ཀྱི་བར་དུ་དམག་འཁྲུག་ཡོང་སྲིད་མིན་དྲིས་པར། ཁོང་གིས་“རྒྱ་ནག་གིས་ཐའེ་ཝན་ལ་ཅི་ཞིག་བྱེད་འདོད་པ་ཤིན་ཏུ་གསལ་པོ་བཟོས་ཡོད་ལ། དེ་བཞིན་ཨ་རིས་ཀྱང་ཐའེ་ཝན་དང་འབྲེལ་བའི་ཐོག་ལ་ཅི་ཞིག་བྱེད་འདོད་པ་གསལ་པོ་བཟོས་ཡོད། མི་སུ་གཅིག་ལའང་འཁྲུག་རྩོད་མཐོང་འདོད་མེད་ཀྱང་། དེ་ནི་རྒྱ་ནག་ལ་འདྲི་དགོས་པའི་དྲི་བ་ཞིག་ཆགས་ཀྱི་ཡོད་”ཅེས་ལན་བསྐྱོན་རྗེས། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་རྒོལ་བ་བྱས་ན། ཨོ་སི་ཁྲུ་ལི་ཡ་ཨ་རིའི་རྒྱབ་ཏུ་ལང་རྒྱུ་ཡིན་བསྣན་ཡོད་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།