གསར་འགོད་པའི་རང་དབང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༩ ཕྱི་ལོ་ ༢༠༡༤/༥/༧
གསར་འགོད་རང་དབང་ནི་སྤྱི་ཚོགས་ཤིག་ལ་མེད་ཐབས་མེད་པ་ཞིག་ཡིན་ལ། སྲིད་གཞུང་སོ་སོའི་དབང་འཛིན་པ་ཚོའི་ངོས་ནས་དབང་ཆ་སྒེར་སྤྱོད་བྱས་ནས་མི་མང་ལ་གཉའ་གནོན་དང་། བཤུ་གཞོག་གཏོང་བའམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༩ ཕྱི་ལོ་ ༢༠༡༤/༥/༧
གསར་འགོད་རང་དབང་ནི་སྤྱི་ཚོགས་ཤིག་ལ་མེད་ཐབས་མེད་པ་ཞིག་ཡིན་ལ། སྲིད་གཞུང་སོ་སོའི་དབང་འཛིན་པ་ཚོའི་ངོས་ནས་དབང་ཆ་སྒེར་སྤྱོད་བྱས་ནས་མི་མང་ལ་གཉའ་གནོན་དང་། བཤུ་གཞོག་གཏོང་བའམ། ཡང་ན་གཞུང་དང་མི་མང་ལ་དབང་བའི་རྒྱུ་ནོར་སྒེར་སྤྱོད་བྱས་པ། ཡང་ན་ངེས་པར་དུ་བསྒྲུབས་དགོས་པའི་གཞུང་དོན་གྱི་རིགས་འཐུས་ཤོར་དུ་གཏོང་བ་སོགས་མི་མང་གིས་དུས་ནས་དུས་སུ་ཤེས་རྟོགས་ཐུབ་པའི་བརྒྱུད་ལམ་ཉག་གཅིག་དེ་གསར་འགོད་པ་རྣམས་ལ་ཐུག་ཡོད། དེ་བཞིན་མི་མང་གི་བསམ་ཚུལ་དང་དཀའ་ངལ་སོགས་བདེ་སྡུག་རྣམས་གཞུང་གིས་ཤེས་རྟོགས་ཡོང་བའི་བརྒྱུད་ལམ་ཡང་གསར་འགོད་པའི་ལག་པར་ཡོད་སྟབས། དེ་དང་འབྲེལ་བའི་ལས་ཀ་བྱེད་མཁན་ལ་རང་དབང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
ལོ་ལྟར་ཕྱི་ཟླ་༥ ཚེས་༣ ནི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་ཡིན་པས་དེ་དང་འབྲེལ་བའི་ཐོག་ནས་ལྟ་ཚུལ་ཁག་ཅིག་བརྗོད་ན། བོད་ནང་དུ་རྒྱ་དམར་གཞུང་གི་དྲག་གནོན་འོག་གསར་འགོད་རང་དབང་ཞེས་པའི་ཐ་སྙད་འདི་ཡང་བེད་སྤྱོད་མེད་པར་གྱུར་ཡོད་ལ། འཛམ་གླིང་གི་ཁོར་ཡུག་འདི་ནས་རྒྱ་ནག་ནི་གསར་འགོད་རང་དབང་ཐོག་དམ་དྲག་བྱེད་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་འཛམ་གླིང་འདིར་ཆེས་གསར་འགོད་རང་དབང་ཆེ་བའི་རྒྱ་གར་དུ་གནས་སྡོད་བྱས་ཡོད་སྟབས། སྤྱི་ཡོངས་ཀྱི་ཆ་ནས་བཙན་བྱོལ་བོད་པའི་གསར་འགོད་པ་རྣམས་ལ་གསར་འགོད་རང་དབང་གི་ཐོག་ནས་དཀའ་ངལ་གང་ཡང་མེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་པ་རང་གི་བརྒྱུད་ལམ་ཁག་ལ་དོ་སྣང་དང་མཐུན་འགྱུར་མེད་པ་མ་ཟད། གསར་འགོད་བརྒྱུད་ལམ་ཁག་གལ་ཆེན་པོ་ཞིག་ཏུའང་མི་བརྩི་བ་ལྟ་བུར་གྱུར་ཡོད།
བཙན་བྱོལ་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནོན་ཤུགས་གང་ཡང་མེད་ཀྱང། ངེས་པར་ཡར་རྒྱས་གཏོང་དགོས་པའི་སྐྱོན་གྱི་རིགས་ལ་རྣག་ཐོག་གཙག་འཁེལ་གྱིས་སྐྱོན་བརྗོད་བྱས་ནའང་དེ་ལ་དམིགས་བསལ་གྱིས་དོ་སྣང་གནང་ནས་བསྒྱུར་བཅོས་མི་གཏོང་བ་མ་ཟད། ལན་འདེབས་གསལ་བཤད་ཙམ་ཡང་མི་བྱེད་པ་ནི་བཀའ་ཤག་སྐབས་སྔོན་མ་ནས་འཛིན་བཞིན་པའི་སྲིད་བྱུས་རེད། དེ་བཞིན་བཙན་བྱོལ་བོད་མི་རྣམས་ནི་གཞན་དང་མི་འདྲ་བར་རྒྱལ་ཁབ་ཀྱི་བདག་དབང་རྩོད་ལེན་བྱེད་བཞིན་པའི་མི་རིགས་ཤིག་ཡིན་པས། འཐབ་རྩོད་པ་དང་ལས་འགུལ་བའི་བསམ་བློ་འདི་ཡང་རང་བཞིན་གྱིས་ཡོད་པར་བརྟེན། སྐྱོན་དང་ནོར་འཁྲུལ་མཐོང་ཚད་ཚང་མ་འགོད་འགྲེམས་མི་བྱེད་པའི་འགན་ཁུར་གྱི་བསམ་བློ་ཞིག་ཡོད་སྟབས། གཞུང་ངོས་ནས་དེ་ཙམ་དོ་སྣང་བྱེད་མི་དགོས་པའི་རྒྱུ་མཚན་གཅིག་ཀྱང་འདི་ལ་ཐུག་ཡོད་ངེས་རེད།
ད་དུང་གནད་དོན་འདི་ལ་བརྟེན་ནས་གསར་འགྱུར་རྣམས་ལའང་རང་བཞིན་གྱིས་མི་རིགས་དང་འཐབ་རྩོད་པའི་བསམ་བློའི་ཤན་ཤུགས་ཐེབས་མི་སྲིད་པའང་གཏན་ནས་མིན། དེར་བརྟེན་མི་རིགས་གཞན་གྱི་སྣང་ངོར་བཙན་བྱོལ་བོད་པའི་གསར་འགྱུར་ཁག་ལའང་དེ་མཚུངས་ཀྱི་ལྟ་སྟངས་ཡོད་སྲིད་པ་དང། སྐབས་རེ་མཐའ་གཅིག་ཏུ་ལྷུང་ཡོད་པའི་གླེང་ཕྱོགས་བཟོ་མཁན་ཡང་རེ་ཟུང་བྱུང་ཡོད་པ་རེད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་གསར་འགོད་པ་ཞིག་གི་ངོས་ནས་རྩ་དོན་གཙོ་བོ་གསར་འགོད་པ་ཡིན་པ་དེ་འཛིན་རྒྱུ་ཡིན་ནམ། ཡང་ན་ཡུལ་གྱར་བའི་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་པ་དེ་གཙོ་བོར་འཛིན་རྒྱུ་ཡིན། གནད་དོན་དེ་གཉིས་ཀྱི་ཐོག་ནས་ངོ་བོ་ངོས་འཛིན་བྱེད་སྟངས་དང་བསམ་བློ་གཏོང་སྟངས་མི་འདྲ་བ་མང་པོ་ཡོད་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་དང་ནུས་པའང་མི་འདྲ་བ་ཞིག་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཏུ་གྱུར་ཡོད།
མདོར་ན་བོད་པ་ཞིག་ཡིན་པའི་ངོས་ནས་འཐབ་རྩོད་དང་རྩ་དོན་ལ་འགན་ཁུར་གྱི་བསམ་བློ་ངེས་པར་དུ་ཡོད་དགོས་པ་ཞིག་རེད་སྙམ། དེ་ལྟར་མ་བྱས་ན་གནད་དོན་ཁ་ཤས་ཀྱི་ཐོག་ནས་བོད་པ་སྐྱབས་བཅོལ་བ་རྣམས་གནས་སྡོད་ཐུབ་མིན་གྱི་དཀའ་ངལ་ཡང་འཕྲད་མི་སྲིད་པ་མིན་པས། རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་གཞན་དང་མཚུངས་བསྡུར་བྱེད་མི་འོས། འོན་ཀྱང་རང་དབང་གི་ཐོག་ནས་གསར་འགྱུར་འགོད་འགྲེམས་བྱས་པ་ཁག་ལ་དོན་མེད་ཀྱིས་བསྙོན་འཛུགས་བྱས་པ། དཔེར་ན་ལོ་འདིའི་ཕྱི་ཟླ་༣ པའི་ནང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་གིས་ལས་རིམ་གཙོ་སྐྱོང་སྐབས་དྲི་བ་གཏོང་སྟངས་ལ་བསྙད་ནས། ཨ་རིའི་ནིའུ་ཡོག་ཁུལ་ནས་ཚོགས་པ་དྲུག་གིས་ས་ཡིག་འབྱར་མའི་གནོན་ཤུགས་ཀྱི་ཡི་གེ་བཏང་བ་འདི་རིགས་ལ་གསར་འགོད་པ་དང། བརྒྱུད་ལམ་གྱི་སྣེ་མོ་བ་དག་གིས་ཀྱང་ངེས་པར་དུ་གདོང་ལེན་མ་བྱས་ན། མ་འོངས་པར་རྐང་བརྐྱངས་ལག་བརྐྱངས་ཀྱིས་གསར་འགོད་པ་རྣམས་ལ་གནོན་ཤུགས་སྤྲོད་ངེས་རེད།།