གསལ་བཤད་ཀྱི་རྒྱབ་མདུན།

ཕྱི་ལོ་༢༠༢༢ ཟླ་༣ ཚེས་༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ནང་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་ཅིག་གནང་སོང་ཞིང་། དེ་ནི་བོད་དོན་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས་བཅས་རྩ་བའི་ས་བཅད་གཉིས་ཀྱི་ནང་དུ་འདུས་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༨༩  ཕྱི་ལོ་ ༢༠༢༢/༤ /༦

ཕྱི་ལོ་༢༠༢༢ ཟླ་༣ ཚེས་༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ནང་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་ཅིག་གནང་སོང་ཞིང་། དེ་ནི་བོད་དོན་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས་བཅས་རྩ་བའི་ས་བཅད་གཉིས་ཀྱི་ནང་དུ་འདུས་འདུག  གནད་དོན་འདི་གཉིས་ནི་བཙན་བྱོལ་བོད་མི་ལ་མཚོན་ན་གལ་གནད་ཆེ་ཤོས་དང་རྩ་བའི་བསྒྲུབ་བྱ་གཙོ་བོ་གཉིས་རེད། བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་མཁན་ཞིག་ཡིན་ན་ཕུགས་དང་འཕྲལ་གྱི་བསྒྲུབ་བྱ་འདི་གཉིས་ཀྱི་སྐོར་ལ་ལངས་ཕྱོགས་དང་། ལས་འཆར་ངེས་ཅན་ཞིག་དགོས་པ་དེ་བཟློག་ཏུ་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད། མི་མང་གི་ངོས་ནས་ཀྱང་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་དང་བཀའ་ཤག་སྐབས་བཅུ་དྲུག་པར་དོ་སྣང་བྱེད་མཁན་ཞིག་ཡིན་ན་གནད་དོན་འདིའི་ཐོག་ནས་འགོ་འཛུགས་བྱེད་དགོས་པ་ཞིག་རེད་ལ། དེ་ཡང་གཙོ་བོ་སྐྱོན་ཁོ་ན་དང་། ཡོན་ཏན་ཁོ་ན་ཙམ་མ་ཡིན་པར་ཕྱོགས་ཡོངས་ནས་དོ་སྣང་དང་བསམ་ཞིབ་བྱེད་དགོས་པ་ཞིག་རེད།

བོད་དོན་བདེན་མཐའ་གསལ་ཐབས་དང་འབྲེལ་བའི་ཐོག་ནས་བོད་རྒྱ་ཞི་བའི་གྲོས་མོལ་ཡོང་ཐབས་བྱ་རྒྱུ་དེ་བཀའ་ཤག་རིམ་བྱོན་གྱིས་གལ་གནད་གཙོ་བོར་བཟུང་ཡོད་ཀྱང་། སྲིད་སྐྱོང་མི་བྱེ་བྲག་པ་ཞིག་གི་ངོས་ནས་ནུས་པ་དམིགས་བསལ་བ་ཞིག་འདོན་ཐུབ་པ་ཞིག་མ་རེད། གཙོ་བོ་རྒྱ་དམར་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་མེད་ཁོ་ནར་ཐུག་ཡོད། འདས་པའི་མི་ལོ་༥༠ ལྷག་གི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱོགས་ཡོངས་ནས་ཐུགས་འགན་བཞེས་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་ཡོད་ནའང་། རྒྱ་གཞུང་གིས་དོན་དམ་པའི་ཡ་ལན་ནམ་ཐག་གཅོད་ཅིག་གཏན་ནས་བྱས་མེད་པས། ད་ལྟའི་ཆར་སྲིད་སྐྱོང་སུ་ཡིན་མིན་དང་སྲིད་སྐྱོང་དེས་རྒྱ་གཞུང་ལ་རྣམ་འགྱུར་ཡག་སྡུག་ཙམ་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱེད་ཐུབ་པ་ཞིག་མ་རེད། དེར་བརྟེན་སྐབས་འདིའི་སྲིད་སྐྱོང་དང་སྐབས་འདིའི་བཀའ་ཤག་གི་ངོས་ནས་ཀྱང་གནད་དོན་འདིའི་ཐད་གྲུབ་འབྲས་ཆེན་པོ་ཐོན་མ་ཐུབ་ནའང་བསམ་ཤེས་མི་ཐུབ་པ་ཞིག་གཏན་ནས་མ་རེད།

འོན་ཀྱང་སྐབས་སོ་སོའི་སྲིད་སྐྱོང་གི་ངོས་ནས་ལངས་ཕྱོགས་སམ་དམ་བཅའ་འདོར་མི་རུང་བ་ཞིག་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་བོད་རང་བཙན་གཙང་མ་ཡིན་པ་དང་། མ་འོངས་པར་ཆོལ་གསུམ་བོད་མི་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་ཐག་གཅོད་ཡོང་ཐབས་ཀྱི་ཁ་ཕྱོགས་འདོར་མི་རུང་བ་དེ་རེད། ད་ལན་བཀའ་ཤག་གི་གསལ་བཤད་ནང་འདས་པའི་ལོ་རྒྱུས་ལ་གསལ་ཁ་མ་བཏོད་པ་དང་། བོད་ས་ཡོངས་རྫོགས་དང་བོད་མི་ཡོངས་རྫོགས་ཀྱི་གནད་དོན་སྐོར་རྩལ་དུ་མ་བཏོན་པར་བག་ལ་ཞ་བའི་ཚུལ་དུ་བཞག་པ་ནི་ད་ལན་གསལ་བཤད་འདིའི་སྟོང་ཆ་ཆེ་ཤོས་སུ་གྱུར་འདུག གནད་དོན་འདི་ནི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བཙན་བྱོལ་བོད་གཞུང་གི་རྩ་དོན་དང་ཁ་ཕྱོགས་གཙོ་བོར་བཟུང་ཡོད་པ་དང་། བོད་ནང་དུ་རང་ལུས་མེར་སྲེག་གནང་མཁན་གྱིས་གཙོས་བོད་དོན་ཆེད་བློས་གཏོང་གནང་བའི་དཔའ་བོ་དཔའ་མོ་དག་གི་འབོད་སྒྲ་ཡང་ཡིན་པས། གནད་དོན་འདིའི་ཐོག་ནས་ཆག་ཡང་དང་འབབ་ས་ཞིག་འཚོལ་ཐབས་གང་ཡང་མེད།

ད་དུང་ཕྱོགས་གཅིག་ནས་ད་ལྟ་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་། དེའི་ཁ་ཕྱོགས་དང་བྱེད་ཐབས་སོགས་གསལ་བཤད་འདིའི་ནང་དུ་གསལ་ཁ་བཏོན་མི་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་བདེ་ཐབས་ཀྱི་ཐོག་ཏུ་ཁ་ཕྱོགས་གསལ་ཙམ་དང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཐོག་ནས་འགོག་ཁབ་ག་ཚོད་བརྒྱབ་ཡོད་མེད་དང་། ཁ་རས་སོགས་ནད་འགོག་ཡོ་ཆས་བགོ་འགྲེམས་བྱས་པའི་སྐོར་གྱི་ལས་དོན་རྒྱས་ཙམ་འཁོད་པ་དག་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ཐོག་ནས་བསྔགས་བརྗོད་མི་འོས་པ་ཞིག་མ་རེད་ལ། བཀའ་ཤག་འདིའི་སྐབས་སུའང་རྒྱ་གར་གཞུང་དང་ཨ་རིའི་སྲིད་གཞུང་བཅས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་ཐབས་ཐོག་ནས་དམིགས་བསལ་གྱིས་གྱོང་གུད་ཆེན་པོ་རག་རྒྱུའི་ཉེན་ཁ་མེད་པ་དང་། ཕྱོགས་གཅིག་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ནི་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་ལ་མ་ལྟོས་པར་རང་ཁ་གསོ་བྱས་ཡོད་པས་དེ་བས་ཀྱང་ཉེན་ཁ་མེད།

མདོར་ན་བོད་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐོག་ནས་དུས་ཐུང་ནང་གྲུབ་འབྲས་ཐོན་དཀའ་ཡང་། ཉེན་ཁ་འབྱུང་སླ་བས་མ་འོངས་པར་གཞུང་སྒེར་ཚང་མས་ཐུགས་སྣང་ཆེན་པོ་གནང་དགོས་པའི་གནད་དོན་གཙོ་བོ་འདིར་ཐུག་ཡོད། མ་འོངས་པར་གཞིས་བཞུགས་བོད་མི་རྣམས་ཀྱི་བདེ་དོན་ཟུར་དུ་བཞག་ནས་བོད་རྒྱ་ཞི་མོལ་གྱི་མིང་ཐོག་ནས་མི་སྒེར་ཁ་ཤས་སམ། མི་ཚང་སྒེར་རེ་ཟུང་གི་ཁེ་ཕན་ཆེད་བསམ་བློ་གཏོང་བ་ལྟ་བུའི་ཁ་ཕྱོགས་ཤིག་ཏུ་གྱུར་སོང་ན། རྒྱ་དམར་གཞུང་གི་ངོས་ནས་ཀྱང་གནད་དོན་འདི་ལྟ་བུའི་ཐོག་ནས་བསླུ་བྲིད་བྱེད་སྲིད་པ་དང་བྱེད་མྱོང་བ་ཞིག་རེད་ལ། གནད་དོན་འདིའི་ཐོག་ནས་ནོར་འཆུག་ཅུང་ཙམ་བྱུང་ཡང་བོད་ཀྱི་ལོ་རྒྱུས་ལ་ནག་ཐིག་ཕབ་པ་ཞིག་ཏུ་གྱུར་ཡོད། གཞན་ཡང་བོད་དོན་འཐབ་རྩོད་རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་མ་ཐུབ་ན་འཕྲལ་ཕུགས་གང་ཐད་ནས་གྱོང་གུད་ཉག་གཅིག་ཏུ་འགྱུར་རྒྱུ་ལས་མེད་པས། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་མདུན་བསྐྱོད་རྒྱ་ཆེན་པོ་ཞིག་བྱེད་མ་ཐུབ་ཀྱང་རྒྱབ་བཤིག་གཏན་ནས་རྒྱག་མི་རུང་བ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།