གསུམ་དུས་ཉིན་བོད་མི་ཁ་འཐོར་དུ་གཏོང་དགོས་དོན་གང་ཡིན།
རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ། ༡༩༥༡ ལོར་བཙན་འོག་ནས་རྒྱ་གཞུང་གི་དགོས་འདུན་ལྟར་རྒྱ་བོད་བར་གྲོས་མཐུན་དོན་ཚན་༡༧ བཞག་ནའང་།
ཆོས་ཉིད་འོད་ཟེར།
རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ། ༡༩༥༡ ལོར་བཙན་འོག་ནས་རྒྱ་གཞུང་གི་དགོས་འདུན་ལྟར་རྒྱ་བོད་བར་གྲོས་མཐུན་དོན་ཚན་༡༧ བཞག་ནའང་། དེ་ཡང་བརྩི་སྲུང་ལག་བསྟར་མ་བྱས་པར་བོད་མི་རྩ་མེད་ཀྱི་ལས་འགུལ་སྤེལ་སྐབས། ༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་ལྷ་སར་བོད་མི་མང་གིས་བོད་རང་བཙན་དགོས་པ་དང་། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་དགོས་པའི་སྐད་འབོད་བྱས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་རེད། བོད་བསྟན་པ་ཆབ་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་མཁན་ཚོར་རྗེས་དྲན་ཆེད། བཙན་བྱོལ་ནང་དུས་དྲན་སྲུང་བརྩི་བྱས་ཏེ། ལོ་༥༦ འཁོར་བའི་སྐབས་འདིར་སྟབས་མ་ལེགས་པ་ཞིག་ལ་ཨ་རིའི་ནིའུ་ཡོག་ཏུ་བོད་རང་བཙན་གྱི་འབོད་ཚིག་བཀག་འགོག་དང་། རང་བཙན་སྐད་འབོད་བྱེད་མཁན་གྱི་མི་མང་ཕྱིར་ཕུད་གཏོང་མཁན་བོད་མི་ཁག་ཅིག་སླེབས་པ་རེད།
གསུམ་དུས་གོ་སྒྲིག་བྱེད་མཁན་སུ་རེད།
ནིའུ་ཡོག་གསུམ་བཅུའི་དུས་དྲན་དེ་ནིའུ་ཡོག་དང་ནིའུ་རྗར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ས་གནས་ཆུ་བཞི་སྒང་དྲུག་བཅས་རེད། དེས་ན་བོད་རིགས་སྤྱི་མཐུན་ཚོགས་པ་ཅིའི་ཕྱིར་བཙུགས་པར་བསམ་བློ་བཏང་ན། བོད་མི་ཡོངས་འདུས་སྡོད་བྱེད་སའི་ཚོགས་པ་ཞིག་གི་ཆེད་དུ་ཡིན་པས། དེ་ཆབ་སྲིད་ལངས་ཕྱོགས་དང་། བསམ་ཚུལ་གཅིག་ཁོ་ནའི་ཕྱོགས་ཁག་ཏུ་སོང་ན། ས་གནས་ཀྱི་བོད་མི་ཡོངས་ཀྱི་སྤྱི་མཐུན་ཚོགས་པ་ཞིག་ཆགས་ཀྱི་མ་རེད། ཕྱོགས་གཅིག་ཏུ་ལངས་ཏེ། བོད་རང་བཙན་འབོད་ཚིག་སྒྲོག་མཁན་ཕྱིར་ཕུད་གཏོང་མཁན་ཞིག་ཡིན་ན། ས་གནས་བོད་མི་ཚོས་བསམ་བློ་གཏོང་དགོས་པ་རེད། བོད་མི་རང་བཙན་སྐད་འབོད་བྱེད་མཁན་ཕར་རྒྱུགས་ཟེར་མཁན་གཙོ་བོ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱལ་མཚན་དང་། ཚོགས་གཞོན་འཕྲིན་ལས་སྐལ་བཟང་། ས་གནས་གཞོན་ལྷན་ཚོགས་གཙོ་ངག་དབང་དཔལ་ལྡན་སོགས་ཁག་ཅིག་ཡིན་པས། དེ་ནི་སྒེེར་གྱི་བྱེད་སྟངས་ལས་བོད་རིགས་སྤྱི་མཐུན་ཚོགས་པའི་ལྟ་བ་མིན་པའི་རེ་བ་ཡོད། རང་བཙན་འཕྲེད་དར་འཕྱར་མཁན་ཚོ་ལོགས་སུ་སོང་ཞེས་བརྗོད་པ་ལ་བལྟས་ན་བོད་མིའི་ལས་འགུལ་ཁ་འཐོར་གཏོང་རྒྱུར་དམིགས་ཡོད་པ་ལས། བོད་མི་ཆིག་སྒྲིལ་ཡོང་ཐབས་ཤིག་མིན་པ་གསལ་པོ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཐོག་མར་འཛུགས་སྐབས་ནས་བོད་རང་བཙན་འཐབ་རྩོད་གཙོར་བཟུང་གིས་བཙུགས་པ་ཞིག་ཡིན་པ་དང་། བར་ལམ་ཞིག་ལ་བོད་གཞུང་མང་གཉིས་ནས་ཆེ་མཐོང་སྤྲོད་ས་ཞིག་ཆགས་རེད། ཡིན་ཡང་ནིའུ་ཡོག་ས་གནས་གཞོན་ལྷན་གྱི་སྐབས་སྔོན་མ་དང་ད་ལྟའི་རྒྱུན་ལས་ཁག་ཅིག་གིས་གཞོན་ལྷན་གྱི་ཚོགས་མི་རྒྱུན་ལས་ཡིན་བཞིན་དུ་ཚོགས་པའི་ལངས་ཕྱོགས་དང་མི་མཐུན་པའི་སྐད་ཆ་བཤད་པ་ནི་གཏོར་བཤིག་གཏོང་བའི་བསམ་བློ་ལས་གང་ཡང་མེད་པ་གསལ་པོ་རེད་སྙམ། སོ་སོས་གཞོན་ནུའི་ལངས་ཕྱོགས་ལ་མོས་མཐུན་མེད་ན་ཚོགས་མིའི་ཁོངས་ནས་མར་འཐེན་ཆོག་གི་རེད་ལ། དབུ་མའི་ལམ་གྱི་ལས་འགུལ་ཁང་ཞིག་ཡོད་པས། དེའི་ནང་འཛུལ་ཆོག་པ་རེད།
བུད་མེད་ཚོགས་པ་ནི་ཐོག་མར་རྒྱལ་ཁབ་སླར་གསོའི་ཆེད་དུ་བཙུགས་པ་ཞིག་ཡིན་ནའང་། བར་ལམ་ཞིག་ནས་མི་ཆེན་གནད་ཡོད་ཁག་ཅིག་གིས་གང་བཤད་པ་དེའི་རྗེས་སུ་འབྲངས་བ་ལས། དམིགས་བསལ་ལྟ་གྲུབ་ཚད་ལྡན་བཟུང་ནས་ལས་ཀ་བྱེད་ཐུབ་མཁན་ཞིག་མ་རེད་ལ། བོད་རང་བཙན་བཤད་མཁན་གྱི་བུད་མེད་ཅིག་ཚོགས་མི་བྱེད་དགོས་ན། དཀའ་ལས་ཡོད་པ་རེད།
དེ་བས་ནིའུ་ཡོག་བུད་མེད་ཚོགས་པས་ཕྱི་ཟླ་༣ པའི་ཚེས་༡༢ བུད་མེད་སྒེར་ལངས་ཉིན་མོ་སྲུང་བརྩིའི་སྐབས། ༡༩༥༩ ལོའི་བུད་མེད་ཚོའི་བློས་གཏོང་ལ་དྲན་གསོ་བྱེད་དགོས་པ་རེད་མོད། ཡ་མཚན་པ་ཞིག་ལ་བུད་མེད་སངས་རྒྱས་སྒྲོལ་མས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་མ་བྱས་པའི་སྔོན་དེར་ལག་པའི་ཐོག་“བོད་རང་བཙན་རྒྱལ་ཁབ་”ཅེས་བྲིས་ཏེ་པར་བརྒྱབ་ཡོད་པ་དེ་བཅད་གཏུབ་བྱས་པའི་པར་ཞིག་འཕྱར་ཡོད་པ་རེད། དེ་ནི་བུད་མེད་ཚོགས་པས་བོད་ཀྱི་བུད་མེད་རང་སྲོག་བློས་གཏོང་གིས་བོད་དོན་འཐབ་རྩོད་བྱེད་མཁན་ཚོར་བརྙས་བཅོས་བཏང་བ་ཞིག་ཡིན་པ་ལས། དཔའ་བོ་ཚོར་རྗེས་དྲན་ཞིག་གང་ནས་ཡིན།
ཆུ་བཞི་སྒང་དྲུག་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་བཙན་རྒྱལ་བར་ཁ་གཏད་གཅོག་པའི་དང་བླངས་དམག་གི་སྒྲིག་འཛུགས་ཤིག་ཡིན་ནའང། གནས་སྟངས་འདྲ་མིན་གྱི་འོག་ནས་ད་ལྟ་མདོ་སྟོད་ཆོལ་ཁའི་ཚོགས་པ་ཞིག་ཆགས་ནས། དམིགས་བསལ་དཔའ་བོ་ཚོའི་བྱས་རྗེས་དང་ཕུགས་བསམ་རྒྱུད་འཛིན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། བར་ལམ་ཞིག་ནས་བཙན་བྱོལ་བོད་མིའི་ནང་མ་མཐུན་པ་བྱུང་སྟེ། ཆུ་སྒང་སྒྲིག་འཛུགས་ཁ་འཐོར་དང། གནད་ཡོད་ཚོ་བོད་པའི་སྤྱི་ཚོགས་ནང་སྡོད་བཟོད་མི་བདེ་བ་ཡང་བཟོ་མྱོང་ཡོད་པས། ད་ལྟ་བཙན་བྱོལ་ནང་གི་སྲིད་དོན་འཁྲབ་སྟོན་པ་ཁག་ཅིག་ལ་འཐམ་དགོས་པ་དེ། ནིའུ་ཡོག་ཆུ་སྒང་རྒྱུན་ལས་ཚོ་སྔར་གྱི་བྱེད་སྟངས་ལ་ཞེད་སྣང་སྐྱེ་བ་ཡིན་ནམ། ད་ལྟའི་རྒྱུན་ལས་ཚོར་རང་ཚུགས་མེད་པ་རེད། གང་ལྟར་ལས་དོན་གང་ཡང་བྱེད་མ་ཐུབ་ན་ཡང། བོད་མིའི་རང་བཙན་འབོད་ཚིག་བཀག་འགོག་བྱེད་མཁན་ཞིག་ཆགས་ན། སྔོན་སོང་དཔའ་བོ་ཚོ་ནག་བསུབ་བཏང་བ་ཞིག་རེད།
གསུམ་བཅུའི་དུས་དྲན་ཅི་ཞིག་རེད།
གསུམ་བཅུའི་དུས་དྲན་ནི་རང་བཙན་རྩོད་རྒྱུ་ཁོ་ན་ཙམ་གྱི་ཉིན་མོ་མ་རེད་ལ། ས་གནས་མི་རིགས་ཀྱི་དགོས་འདུན་འདོན་པའི་ཉིན་མོ་ཞིག་དེ་བས་མ་རེད། ༡༩༥༩ ལོར་བཙན་རྒྱལ་བར་ངོ་རྒོལ་ཆེད་དུ་མི་མང་ཡར་ལངས་ཀྱི་ཉིན་མོ་ཞིག་ཡིན་པས། ཉིན་དེར་གང་བྱུང་བ་དང་། འབོད་ཚིག་གང་ཡོད་པ། ག་རེའི་ཆེད་དུ་ཡིན་པ་སོགས་གླེང་ནས་རྗེས་དྲན་དགོས་པ་ལས། ལས་འགུལ་དེའི་ནང་བོད་མི་ཞུགས་ཆོག་མིན་ལ་དབྱེ་འབྱེད་བྱེད་ས་ཞིག་གང་ནས་ཡིན། དེ་བས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས་གསུམ་དུས་ལས་འགུལ་ཆེད་ཨ་རིའི་ས་གནས་གཞུང་ལ་ཆོག་མཆན་ཞུས་ཡོད་པས། ཨ་རི་གཞུང་གིས་སྐད་འབོད་རང་དབང་སྤྲད་ཡོད་པ་དང་། གསུམ་དུས་ལས་འགུལ་སྲུང་བརྩི་དེ་བོད་མི་སྤྱི་ལ་འགན་ཡོད་པས། ཚང་མ་མཉམ་ཞུགས་དགོས་པ་ལས། ཕྱིར་ཕུད་བཏང་ན་ག་ལ་འགྲིག
སྤྱིར་བཏང་ཉིན་དེར་བོད་རང་བཙན་སྐད་འབོད་བྱས་ནས་རྒྱ་ནག་ཞེད་སྣང་སྐྱེ་ཡི་མ་རེད་ལ། བོད་རང་བཙན་གྱི་སྐད་འབོད་བཀག་པར་རྒྱ་ནག་གིས་དགའ་བསུ་བྱེད་ཀྱི་མ་རེད། དེ་བས་བོད་རང་བཙན་སྐད་འབོད་མེད་པ་བཟོས་ན། རྒྱ་ནག་གིས་བཤད་པ་བཞིན་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་པའི་མཐོང་སྣང་འཛམ་གླིང་མི་མང་ལ་སྤྲད་སྲིད་ལ། སྐབས་དེར་དབུ་མའི་ལམ་ཞེས་ཕྱོགས་གཉིས་སུ་མ་ལྷུང་བའི་དབུས་ཤིག་ཀྱང་གང་ནས་རྙེད། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ནས་བཟུང་། དྲག་གནོན་བྱས་པ་དང་། འཛུགས་སྐྲུན་ལ་ཁ་གཡར་བ། བོད་མི་སྡོད་གནས་ཁ་འཐོར་བཏང་བ་སོགས་སྲིད་ཇུས་སྣ་ཚོགས་འོག བོད་ནུས་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་དང། མ་འོངས་པར་ཡང་འཆར་གཞི་སྣ་ཚོགས་སྒྲིག་བཞིན་པ་རེད། དེ་ན་བོད་རང་བཙན་ཞེས་འབོད་ཚིག་འདི་ཉར་མ་ཐུབ་ན། ཉིན་ཞིག་ང་ཚོར་བཤད་རྒྱུ་ཙམ་ཡང་མེད་པའི་གནས་སུ་མི་ལྷུང་བའི་ངེས་པ་མེད་ན། བོད་མི་གཞོན་སྐྱེས་ཚོའི་མིག་མདུན་ནས་བོད་རང་བཙན་བཤད་ན་ནག་ཉེས་ཡོད་པ་ཞིག་བཟོ་མི་རུང།
ཉིན་དེའི་ལས་འགུལ་གྱི་དམིགས་ཡུལ།
གོ་སྒྲིག་པའི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་། ༧གོང་ས་མཆོག་གི་དགོངས་གཞི་གལ་ཆེན་ཡིན་སྐོར་ཞེ་དྲག་བསྒྲགས་སོང་། ཡིན་ཡང་རང་བཙན་འབོད་ཚིག་སྒྲོག་མཁན་ཚོ་ཕྱིར་འཕུད་གཏོང་བ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་༧གོང་ས་མཆོག་གི་དགོངས་གཞི་ཡིན་ནམ། སུ་ནག་པོ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད། སུ་ལ་ཕན་ཐོགས་ཀྱི་རེད། བཙན་བྱོལ་ནང་གི་སྲིད་དོན་པ་ཚོའི་ཁ་ལ་གོམ་བྱང་དུ་གྱུར་པ་ཉུང་ཤས་ཤིག་གིས་ཡག་པོ་བྱས་མ་སོང་ཟེར་གྱི་ཡོད་རེད། རང་བཙན་སྐད་འབོད་མཁན་ཉུང་ཤས་ཤིག་མ་རེད་ལ། ཁ་ཉིན་ནིའུ་ཡོག་ནས་བཀག་འགོག་བྱེད་ས་དེར་ཡང་སྔོན་དུ་ཡོང་མཁན་མང་པོ་འདུག དེ་བཞིན་རང་བཙན་འཕྲེད་དར་འཕྱར་མེད་པར་ལས་འགུལ་ནང་ཞུགས་པའི་མི་མང་ཚོ་རང་བཙན་འབོད་ཚིག་འགོག་འདོད་ཡོད་མཁན་རྐྱང་རྐྱང་གང་ནས་ཡིན།
དེང་སྐབས་བོད་མི་གནད་ཡོད་ཁག་ཅིག་གིས་༧གོང་ས་མཆོག་གི་བཀའ་དགོངས་དང་དབུས་བོད་མིའི་སྒྲིག་འཛུགས་རྒྱབ་རྩར་ཡོད་མདོག་གིིས་རང་བཙན་བཤད་མཁན་ཚོར་ཁ་རྡུང་གཏོང་བ་དང་། བོད་ཀྱི་མི་མང་ལས་འགུལ་ལ་དམའ་འབེབས་བྱེད་པ་སོགས་བྱེད་ཀྱི་འདུག ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་འཕྲིན་ལས་སྐལ་བཟང་(ཁོང་ནི་སྐབས་སྔོན་མའི་ནིའུ་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཡིན་པ་དང་། དེའི་སྐབས་ནས་གཞོན་ལྷན་ལངས་ཕྱོགས་དང་མི་མཐུན་པའི་སྐད་ཆ་བཤད་མཁན་ཞིག་ཡིན་འདུག)གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ཀྱིས་བོད་དོན་ལ་གནོད་སྐོར་དང། བོད་ནང་ནས་རྒྱ་དར་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་འཕྱར་བ་རྒྱ་ནག་གིས་བེད་སྤྱོད་བཏང་སྐོར་སོགས་བརྗོད་དེ། རྒྱ་ནག་གི་བཤད་པའི་སྐད་ཆ་ལ་གཞོགས་འདེགས་བྱས་པར་བལྟས་ན། ཁོང་ཚོས་ཤེས་བཞིན་དུ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་མཛད་འཕྲིན་ལ་གནོད་སྐྱེལ་ཐབས་བྱེད་པ་ལྟ་བུ་འདུག
ཡིན་ཡང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཉིན་དེར་ཡོད་པ་དང། ཁོང་ཚུར་ཕེབས་ནས་གྲོས་ཚོགས་ནང་གནས་ཚུལ་དེའི་སྐོར་འགྲེལ་བརྗོད་གནང་སྟངས་ལ་བལྟས་ན། བོད་གཞུང་གི་ལམ་སྟོན་ལྟར་ཁོང་ཚོས་བྱས་ཡོད་པ་འདྲ་གསུངས་སོང་ལ། དེ་ཡང་ཁོང་གིས་བོད་རིགས་ཚོགས་པ་སོགས་ཀྱིས་འགྲེལ་བཤད་གང་བརྒྱབ་དེ་ལས་ཐུགས་སྣང་གཅིག་ཀྱང་གནང་མི་འདུག གལ་སྲིད་བོད་མི་ཁ་འཐོར་གཏོང་བའི་ལས་ཀ་དེའི་རྒྱབ་བོད་ཀྱི་དབུ་ཁྲིད་མཛད་གཙོ་རྣམས་ཡོད་ན་ཐབས་སྐྱོ་པོ་རེད།
ལས་ཀྱི་སྣེ་མོ་བ་ཁག་ཅིག་གིས་རྩོད་གླེང་སྣ་ཚོགས་བྱས་ཏེ་བོད་མི་ཁ་འཐོར་གཏོང་ཐབས་བྱས་ན། མི་མང་ལས་འགུལ་ནང་ཞུགས་རྒྱུར་སུན་སྣང་སྐྱེ་ཡི་རེད་ལ། དེའི་སྐབས་མི་མང་ལ་སེམས་ཤུགས་མི་འདུག་ཅེས་ཁ་རྡུང་བཏང་ན་ཕན་ཐོགས་གང་ཡང་མེད། སྤྱིར་བཏང་མང་གཙོའི་ནང་མང་མོས་ཐག་གཅོད་འགྲོ་སྟངས་ཡོད་ནའང། འདོད་པ་མ་ཁེངས་བ་བྱུང་ན་ངོ་རྒོལ་བྱེད་ཆོག་པ་རེད། ཡིན་ནའང་མི་གཅིག་གཉིས་ཀྱིས་གང་བཤད་པ་དེར་མོས་མཐུན་དགོས་པའི་མང་གཙོ་ཞིག་གང་དུ་ཡོད།
སྤྱི་འཐུས་ཤར་གླིང་ཟླ་སྒྲོན་གྱིས་“དབུ་མའི་ལམ་གྱི་སྲིད་ཇུས་འདི་གང་ཟག་འགའ་ཤས་ཀྱིས་ཆབ་སྲིད་རྩེད་སའི་སྡེངས་ཆ་ཞིག་ཆགས་ན། སྲིད་ཇུའི་འདིའི་ངོ་བོ་དང་དགོས་མཁོ་བརླག་འགྲོ་ཡི་འདུག་”ཅེས་གསུངས་པ་བཞིན། ཉིན་གཅིག་ས་གནས་མི་རིགས་རང་སྐྱོང་གི་ལངས་ཕྱོགས་དེར་བདག་པོ་རྒྱག་མཁན་དངོས་གནས་ཤིག་བོད་མིའི་ནང་དུ་ཡོད་མེད་ཐེ་ཚོམ་དུ་གྱུར་འདུག (ཤར་གླིང་ཟླ་སྒྲོན་ནི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་བསྐྱོད་མཁན་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཆེད་ལས་ཀ་བྱེད་མཁན་ཞིག་རེད།)
ནིའུ་ཡོག་གསུམ་དུས་གོ་སྒྲིག་པའི་ནང་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད་ལ། ཐོག་མར་ཚོགས་པ་ཁག་གྲོས་བསྡུར་བྱེད་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་གསུམ་དུས་ལས་འགུལ་དེ་གཞུང་འབྲེལ་གྱི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་སྤེལ་རྒྱུའི་ཡིག་ཆར་མོས་མཐུན་ས་རྟགས་བརྒྱབ་རྗེས་ཕྱིར་འཐེན་བྱས་པ་ནོར་འཁྲུལ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི་ཐོག་མར་བོད་མི་དང་ཕྱི་རྒྱལ་བ་ན་གཞོན་ཁག་ཅིག་གིས་བཙུགས་སྟེ། བོད་དོན་རྒྱབ་སྐྱོར་བའི་ཚོགས་པའི་ངོ་བོར་བཙུགས་པ་དང་། ད་ལྟ་ཚོགས་མི་ཡང་མི་རིགས་གཞན་པ་དང་། བོད་མི་ཡང་མང་པོ་ཞུགས་ཏེ། ཤུགས་ཆེན་པོ་འདྲ་ཆགས་འདུག བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཁག་ཅིག་གིས་༧གོང་ས་མཆོག་གི་མཚན་ཁ་ལ་ཁྱེར་ཏེ་བར་ལམ་ཞིག་ནས་གཞོན་ལྷན་ཚོགས་པ་དང། མི་སྒེར་པ་མང་པོར་ཁ་རྡུང་འདྲ་མིན་བཏང་སྟེ། ནུས་མེད་བཟོ་མྱོང་ཡོད་པ་བཞིན། ད་ལྟ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་ཡང་ཁ་རྡུང་བཏང་སྟེ་ནུས་མེད་བཟོ་བའི་ལྟ་གོན་ཨེ་ཡིན་སྙམ་པའི་དོགས་པ་བྱུང་སོང།།