གསུམ་བཅུ་དུས་དྲན་ནི་ཉིན་དེ་རང་ལ་སྲུང་བརྩི་ཞུ་དགོས།
དེ་རིང་དབྱིན་ཡུལ་བོད་རིགས་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པའི་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་རུ་ཕྱིན་ནས་ད་ལྟ་ཕྱིར་ནང་ལ་ལོག་ཚར་ཙམ་ཡིན། ཨ་ལས། མ་རེད། མ་རེད། འགྲིག་མ་སོང་། དགོངས་པ་རྩ་བ་ནས་མ་ཚོམས། དེ་རིང་ནི་ཕྱི་ཟླ་༣ པའི་ཚེས་༧ རེད། དེས་ན་གསུམ་བཅུའི་དུས་དྲན་ཅི་ལ་ཡིན་སྲིད། གསུམ་བཅུ་དུས་དྲན་སླེབས་པར་ད་དུང་ཉིན་གསུམ་ཏག་ཏག་བསྒུགས་ནས་བསྡད་དགོས་འདུག
དེ་རིང་དབྱིན་ཡུལ་བོད་རིགས་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པའི་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་རུ་ཕྱིན་ནས་ད་ལྟ་ཕྱིར་ནང་ལ་ལོག་ཚར་ཙམ་ཡིན། ཨ་ལས། མ་རེད། མ་རེད། འགྲིག་མ་སོང་། དགོངས་པ་རྩ་བ་ནས་མ་ཚོམས། དེ་རིང་ནི་ཕྱི་ཟླ་༣ པའི་ཚེས་༧ རེད། དེས་ན་གསུམ་བཅུའི་དུས་དྲན་ཅི་ལ་ཡིན་སྲིད། གསུམ་བཅུ་དུས་དྲན་སླེབས་པར་ད་དུང་ཉིན་གསུམ་ཏག་ཏག་བསྒུགས་ནས་བསྡད་དགོས་འདུག
སྔོན་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མིའི་རང་དབང་གི་དོན་དུ་བོད་མི་དམངས་ཕོན་ཆེན་གྱིས་སྒེར་ལངས་ལས་འགུལ་སྤེལ་ནས་རང་གི་གཅེས་པའི་ཚེ་སྲོག་མང་པོའི་འགྲོ་གྲོན་བཏང་བའི་རིན་ཐང་ཅན་གྱི་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་ཉིན་མོ་ངོ་མ་ནི། ཕྱི་ལོ་༡༩༥༩ ཟླ་༠༣ པའི་ཚེས་༡༠ ལ་བྱུང་བའི་ལེའུ་དེ་རེད། ཡིན་ན་ཡང་བོད་མི་མང་པོ་ཞིག་གིས་ད་དུང་ཡང་“གསུམ་བཅུ་དུས་དྲན་”ཞེས་པ་འདི་ཡང་སྙིང་ཅི་ཞིག་དང་གང་ཞིག་ཡིན་པ་མགོ་ཚོས་ཀྱི་མེད་པའི་ཐབས་སྡུག་གི་གནས་སྟངས་ཤིག་གི་ནང་ལ་ལྷུང་ནས་བསྡད་ཡོད།
བསམ་གཞིགས་ནན་ཏན་རེ་བྱེད་དུས། གསུམ་བཅུའི་དུས་དྲན་གྱི་བརྒྱུད་རིམ་དང་ལོ་རྒྱུས་གསལ་པོ་མི་ཤེས་པ་དེ་གནས་ཚུལ་ཐ་དད་ཅིག་རེད། ཤེས་བཞིན་དུ་གསུམ་བཅུ་དུས་དྲན་སྣང་མེད་དུ་འཇོག་པ་ནི་དུས་དྲན་ཆེན་མོ་དེའི་ལོ་རྒྱུས་དང་། དེ་བསྐྲུན་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེ་མཐོང་ལ་བརྩི་མེད་རྡོག་རོལ་གཏོང་བའི་བྱ་བཞག་ངན་པའི་ནང་ནས་སྡུག་ཤོས་ཤིག་རེད།
“གསུམ་བཅུ་དུས་དྲན་སྣང་མེད་དུ་འཇོག” ཅེས་པའི་གོ་དོན་ནི་དུས་དྲན་དེ་ཕྱི་ཟླ་༣ ཚེས་༡༠ ཉིན་རང་དུ་སྲུང་བརྩི་མི་བྱེད་པར་ལོ་ལྟར་ཡང་ན་དུས་ཚོད་སྔ་སྣུར་དང་། དེ་མིན་ཕྱི་འགྱངས་ཁོ་ན་བྱས་ནས་མ་འདོད་ནའང་གནས་སྐབས་ཀྱི་ཁྲལ་འུལ་སྒྲུབ་འཇལ་ཙམ་གྱི་ངོ་བོ་ལྟ་བུར་འགྱུར་བ་ལས། མི་རིགས་ཤིག་གི་འཆི་གསོན་གྱི་གནས་བབས་ཏེ། རང་དབང་དང་འཐབ་རྩོད་ཀྱི་རང་འཁྲིའི་ལས་འགན་གཏན་ནས་མ་ཡིན་པ་ལྟ་བུར་གྱུར་ཚར་འདུག་ཟེར་བ་དེ་རེད།
བོད་ནང་དང་། ད་ལྟའི་ཆར་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ལ་དུས་ཚོད་ཡོད་མེད་ལ་མ་ལྟོས་པར་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་བར་དཀའ་ཁག་ཇེ་ཆེ་ནས་ཇེ་ཆེ་རེད། རྒྱ་གར་དུ་སྔ་སྣུར་དང་ཕྱི་བཤོལ་དེ་ཙམ་མེད་པར་དུས་ཐོག་མིང་དོན་མཚུངས་ཤིང་གཞི་རྒྱ་གང་ཙམ་ཆེ་བའི་དུས་དྲན་ལས་འགུལ་རེ་སྤེལ་བཞིན་ཡོད།
དཀའ་ངལ་ཆེ་ཤོས་དེ་ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེ་རེད། དེ་ཡང་ཐམས་ཅད་ཐུག་ས་དངུལ་ལ་ཐུག་ཡོད། དངུལ་ལ་ཐུག་པས་ཡོད་ཚད་མགོ་མཇུག་ལྡོག་ནས་འབྱུང་བཞིན་ཡོད། དངོས་གནས་བྱས་ན། ཆབ་སྲིད་ལས་འགུལ་དང་གོམ་བགྲོད་ལ་སྐྱོད་པ། འབོད་སྒྲ་སྒྲོག་པ། སྲང་ལམ་དང་མི་དམངས་ཁྲོད་འགྲེམ་ཡིག་འགྲེམ་པ། ལྷག་པར་དུ་ངོ་རྒོལ་ལས་འགུལ་བ་རྣམས་ཀྱི་སྲུང་སྐྱོབ་དང་བདེ་དོན་ཆེད་ནད་པ་འདྲེན་འཁོར་དང་ཉེན་རྟོག་མི་སྣས་མཐུན་རྐྱེན་མཁོ་སྒྲུབ་དང་། གོམ་བགྲོད་གཞུང་ལམ་གཙང་བཟོ་དང་ཉེན་སྲུང་སོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་བཞིན་པ་ནི། ཕྱོགས་གང་ཐད་ནས་བསམ་ཡང་བློ་ཡུལ་ལས་འདས་པའི་ཁོར་ཡུག་དང་གོ་སྐབས་བཟང་པོ་ཞིག་རེད།
ཁྱད་མཚར་བ་ཞིག་ལ། ལས་འགུལ་ཚང་མ་གཟའ་མཇུག་སྟེ། གཟའ་སྤེན་པ་དང། ཡང་ན་གཟའ་ཉི་མ་གང་རུང་ཞིག་ལ་གཏུག་གི་ཡོད། དམིགས་ཡུལ་ནི་མི་དམངས་དང་རྒྱབ་སྐྱོར་བ་གང་མང་འདུ་འཛོམས་ཡོང་ཐུབ་པའི་ཕྱིར་དུ་རེད། གསུམ་བཅུ་དུས་དྲན་དེ་གསུམ་བཅུ་དུས་དྲན་རང་ལ་སྲུང་བརྩི་ཞུ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡང་དེ་རང་རེད། རྒྱུ་རྐྱེན་དེའི་འབྱུང་རྩ་ཡང་བོད་ཀྱི་བདག་པོ་བོད་མི་རྣམས་ལ་ཐུག་ཡོད། འབྱུང་རྩ་དེའི་གཙོ་བོ་ཡང་ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམས་དངུལ་ལ་དགའ་བ་དང་སེམས་ཤུགས་མེད་པ། ཆིག་སྒྲིལ་མེད་པ། ལྷག་བསམ་གྱིས་མི་འདང་བ་བཅས་ལ་བརྟེན་ནས་འབྱུང་བཞིན་ཡོད།
གོང་དུ། དུས་དྲན་སྲུང་བརྩི་དེ་གཟའ་མཇུག་གང་རུང་ཞིག་ལ་འཁེལ་ན་འགྲིག་གི་མི་འདུག་ཟེར་བ་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད་དེ། གཅིག དུས་ཚོད་མང་ཆེ་ཤོས་གསུམ་བཅུ་དུས་དྲན་རང་ལ་མི་འཁེལ་བ་དང་། གཉིས། གཟའ་མཇུག་ནི་གུང་གསེང་རེད། ཁང་སྲུང་བ་རེ་གཉིས་མ་གཏོགས་གཞན་དོན་གཅོད་ཁང་ངམ་གཞུང་ཚབ་རྣམས་སྟོང་པ་སྟོང་རྐྱང་རེད། ཁང་པ་སྟོང་པ་ཞིག་གི་མདུན་དུ་སྐད་ག་ཚོད་བརྒྱབ་ཀྱང་། དུས་ཚོད་དང་དངུལ་དངོས་ཀྱི་འགྲོ་སོང་རྣམས་ཆུད་ཟོས་སུ་འགྲོ་བ་ལས། བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོབ་རྒྱུ་ཡོད་མེད་ལ་བསམ་བློ་རེ་ངེས་པར་དུ་གཏོང་དགོས་པ་ཆགས་འདུག།
ལོ་འཁོར་གཅིག་གི་ནང་ལ་ཉིན་ཞག་སུམ་བརྒྱ་དྲུག་བཅུ་རེ་ལྔ་ཡོད། འོན་ཀྱང་གསུམ་བཅུ་དུས་དྲན་གཅིག་མ་གཏོགས་མེད། དེར་བརྟེན་མགོ་ཐོག་ལ་དྲག་ཆར་འབབ་རུང་། གདོང་ལ་རླུང་འཚུབ་ལྡང་རུང་། ཉི་མས་ལུས་པོ་ཚིག་རུང་། གཟའ་ཟླ་བར་ཐུག་རུང་། གཟའ་མིག་དམར་ལ་འཁེལ་རུང་། གསུམ་བཅུ་དུས་དྲན་དེ་གསུམ་བཅུ་དུས་དྲན་གྱི་ཉིན་མོ་རང་ལ་ངེས་པར་དུ་སྲུང་བརྩི་ཞུ་ཐུབ་པ་བྱ་དགོས། དེ་ཡང་སྔ་ས་ནས་གྲྭ་སྒྲིག་ཨང་གསར་བྱ་དགོས། གསུམ་བཅུ་དུས་དྲན་འདིའི་སྐབས་ནས་འབྱུང་འགྱུར་གྱི་གསུམ་བཅུ་དུས་དྲན་ལ་ཉིན་གཅིག་སྟོང་པ་བཞག་དགོས། དེ་འདྲ་ཞིག་མ་ཡོང་ན། “བོད་ནང་གི་བོད་མི་རྣམས། ང་ཚོ་ཁྱེད་ཚོའི་རྒྱབ་ལ་ཡོད་” ཅེས་པའི་འབོད་ཚིག་དེ་མིད་པ་ཚ་ཚ་བར་དང་མགྲིན་པ་འགག་འགག་བར་དུ་བསྒྲགས་རུང་དོན་དུ་མི་རིགས་འདི་ཡི་མ་འོངས་པའི་མདུན་ལམ་ལ་སེམས་པ་ཧ་ཅང་དཀར་བ་དང་། ལྷག་བསམ་དག་པ། ལ་རྒྱ་ཡིས་རབ་ཏུ་ཕྱུག་པའི་སྤུན་ཟླ་རྣམས་ལ་མགོ་སྐོར་གཏོང་བ་དང་སྐྱག་རྫུན་བཤད་པའི་རྒྱུ་ཁོ་ན་ལས་གཞན་ཅི་ཡང་མ་མཆིས།
གལ་སྲིད་བོད་ལ་རང་བཙན་ཐོབ་ན་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་སྙིང་སྟོབས་ལ་གུས་བརྩི་ཞུ་ཆེད། གསུམ་བཅུ་དུས་དྲན་འདི་ཉིད་གཞུང་འབྲེལ་གྱི་དུས་དྲན་མཛད་སྒོ་ཆེ་ཤོས་དང་མྱ་ངན་མཆོད་འབུལ་གྱི་ངོ་བོ་མཚོན་པའི་དུས་སྟོན་ཆེ་ཤོས་སུ་འགྱུར་འགྲོ་བ་ཆོས་ཉིད་རེད། དེ་ཡང་བོད་མི་རིགས་འདི་མ་སྟོངས་བར་དང། སྐལ་པ་འདི་མ་འཇིག་བར། རང་སྲིད་རང་སྐྱོང་ཐོབ་ན་ཡང་དེ་དེ་བཞིན་དུ་ཡིན་དགོས།
རེད་དེ། དངུལ་སྒོར་ལ་ཧ་ཅང་རྔམ་ཡང་དངུལ་སྒོར་གྱིས་ཧ་ཅང་ཕོངས་པའི་ཕྱི་སྡོད་ཀྱི་བོད་རིགས་ང་ཚོ་ལ་ལོ་གཅིག་གི་ནང་ལ་མིང་དོན་མཚུངས་པའི་གསུམ་བཅུ་དུས་དྲན་རེ་སྲུང་བརྩི་ཞུ་བའི་ཉི་མ་གཅིག་མ་རྙེད་ན་ཁ་བཙུམ་ནས་བསྡད་དགོས་པ་ལས་གཞན་འཇོན་རྒྱུ་དང་བསྟན་རྒྱུ་ཞིག་ག་རེ་ཡོད།
ལོ་རྒྱུས་རང་བཞིན་ཅན་གྱི་གསུམ་བཅུ་དུས་དྲན་འདི་བོད་པའི་སྙིང་གི་ནང་ལ་མེད་ཀྱང་བོད་ལ་ཤ་ཞེན་ལྷག་བསམ་གྱི་མེ་འབར་གྱི་ཡོད་མདོག་སྟོན་ཆེད་ཙམ་དང་། སྤུན་གཉེན་དང་གྲོགས་ཕོ་མོ་ཐུག་པའི་གོ་སྐབས་ཡག་པོ་ཞིག་ལ་ངོས་འཛིན་བྱེད་པའམ་ཧ་ཅང་མི་རིགས་སོ།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་དབྱིན་ཡུལ་ནས་ཕྱི་ལོ་༢༠༡༥ ཟླ་༠༣ པའི་ཚེས་༠༧ གྱི་དགོང་མོར་བྲིས།།