གུས་བཀུར་ལས་ལག་ཆ་མ་བྱེད།

ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་གཅིག་སྒྲིལ་གྱི་གཞི་རྩ་དང་རེ་བའི་མིག་འབུར་གཏོད་ས་ཉག་གཅིག་ཡོད་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང་། གནད་དོན་ཆེ་ཆུང་ག་འདྲ་ཞིག་བྱུང་ཡང་༧གོང་ས་མཆོག་གིས་ཞལ་ནས་སྤྱི་ཚོགས་ནང་ལམ་སྟོན་ཁ་གསལ་ཞིག་གནང་བའི་སྐབས་སུ་ཐག་གཅོད་མི་ཐུབ་པ་ཞིག་གཏན་ནས་མེད་ཅེས་བརྗོད་ཆོག དེ་ནི་བོད་རིགས་སྤྱི་དང་བཙན་བྱོལ་བོད་མིའི་བསོད་ནམས་སུ་ངོས་འཛིན་བྱེད་ཆོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༦   ཕྱི་ལོ་ ༢༠༢༢/༥ /༢༥  

ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་གཅིག་སྒྲིལ་གྱི་གཞི་རྩ་དང་རེ་བའི་མིག་འབུར་གཏོད་ས་ཉག་གཅིག་ཡོད་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང་། གནད་དོན་ཆེ་ཆུང་ག་འདྲ་ཞིག་བྱུང་ཡང་༧གོང་ས་མཆོག་གིས་ཞལ་ནས་སྤྱི་ཚོགས་ནང་ལམ་སྟོན་ཁ་གསལ་ཞིག་གནང་བའི་སྐབས་སུ་ཐག་གཅོད་མི་ཐུབ་པ་ཞིག་གཏན་ནས་མེད་ཅེས་བརྗོད་ཆོག དེ་ནི་བོད་རིགས་སྤྱི་དང་བཙན་བྱོལ་བོད་མིའི་བསོད་ནམས་སུ་ངོས་འཛིན་བྱེད་ཆོག ༧གོང་ས་མཆོག་དགུང་ནའི་བབས་ཀྱིས་སྐུ་ངལ་གསོ་དགོས་པས། གནད་དོན་ཙག་ཙིག་རིགས་ཚང་མ་སྙན་བསུན་ཞུ་བློས་བཟོད་པ་ཞིག་མིན་ཡང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་དང། ནང་ཁུལ་གྱི་མཐུན་ལམ་ལའང་ཉམས་ཆག་ཆེན་པོ་འགྲོ་བཞིན་པ་ནི་ཕྱོགས་ཡོངས་ནས་སེམས་འཚབ་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། སྐབས་འདིར་༧གོང་ས་མཆོག་གིས་གནས་ཚུལ་ཕྱོགས་ཡོངས་ལ་གཟིགས་ནས་བཀའ་སློབ་ནན་པོ་ཞིག་གནང་ན་ཞི་འཇམ་དུ་འགྱུར་ངེས་སྙམ།

འོན་ཀྱང་༧གོང་ས་མཆོག་གི་ཉེ་འཁོར་དུ་བཞུགས་པའི་ཞབས་ཞུ་བ་རྣམས་ཀྱིས་དགའ་ཉེ་ཕྱོགས་ལྷུང་དང། རང་ཉིད་ཀྱི་ཕྱོགས་གཏོགས་ཁོ་ནའི་གནས་ཚུལ་འབའ་ཞིག་ཞུ་བཞིན་པའི་རྣམ་པ་ཞིག་ཡོད་པའི་ལྟ་ཚུལ་འཛིན་མཁན་ཡང་གང་མང་ཡོད། རེ་ཟུང་གིས་༧གོང་ས་མཆོག་ཐམས་ཅད་མཁྱེན་པ་ཡིན་པས་གནས་ཚུལ་དེ་ལྟ་བུ་མི་མཁྱེན་པ་ཡོད་མི་སྲིད་ཅེས་ཟུར་ཟ་ལྟ་བུས་བརྗོད་མཁན་ཡོད་ཀྱང། དོན་དུ་ཐམས་ཅད་མཁྱེན་པ་ཞེས་པ་དེ་ལའང་། ཤེས་བྱའི་དེ་ཉིད་མཁྱེན་པའི་ཐམས་ཅད་མཁྱེན་པ་དང། དགོས་པའི་དེ་ཉིད་མཁྱེན་པའི་ཐམས་ཅད་མཁྱེན་པ་ཞེས་དབྱེ་བ་འབྱེད་སྟངས་མང་པོ་ཡོད་ཀྱང་འདིར་སྐབས་སུ་མ་བབས་པས་མི་སྤྲོ།  གང་ལྟར་ལྷ་སྙན་དཀར་གྱི་འགྲམ་དུ་འདྲེ་སྣ་ནག་ཅེས་པ་ལྟར་ཁོར་ཡུག་ལ་བརྟེན་ནས་གནས་ཚུལ་མང་པོ་ཡོང་གི་ཡོད་པ་ནི་བླ་མ་དང་དཔོན་པོ་ཕལ་ཆེ་བའི་འགྲོ་སྟངས་སུ་གྱུར་ཡོད་པ་ནི། སྔོན་མ་༧གོང་ས་མཆོག་གིས་ཐད་བསྐོས་སྤྱི་འཐུས་མི་དགོས་པ་གནང་རྒྱུའི་སྐོར་གྲོས་ཚོགས་སུ་གསུང་འཕྲིན་ཞིག་བསྩལ་བའི་ནང་གསལ་པོ་འཁོད་ཡོད།

བོད་མི་ནང་ཕན་ཚུན་དབར་ལྟ་ཚུལ་མཐུན་དང་མི་མཐུན། སྣང་བར་འགྲོ་དང་མི་འགྲོ་སྣ་ཚོགས་ཤིག་ཡོད་སྲིད་ཀྱང། ༧གོང་ས་མཆོག་ནི་བོད་སྤྱི་པའི་གཙུག་གི་ནོར་བུ་ཁོ་ན་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དེ་ཚང་མའི་སེམས་ན་གསལ་པོ་ཡོད། ད་ལྟའི་དུས་ཚོད་འདིར་༧གོང་ས་མཆོག་ལ་ཐག་ཉེ་པོ་ཡིན་པ་དང་ཐུགས་མཉེས་པོ་ཡིན་པའི་རྣམ་འགྱུར་དུས་རྒྱུན་སྟོན་མཁན་རྣམས་ཀྱིས། རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་དེ་ཚོ་༧གོང་ས་མཆོག་ལ་དད་གུས་མེད་མཁན་དང། སྐུར་འདེབས་བྱེད་མཁན་ཡིན་ཚུལ་འབའ་ཞིག་སྒྲོག་བཞིན་པ་ནི། ༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་རེ་ཟུང་ཡོད་པ་ལས་ཀྱང། དོན་གྱིས་༧གོང་ས་མཆོག་ལ་མཚན་སྨོད་དུ་འགྲོ་བའི་ཉེན་ཁ་ཆེ་བ་ལྟ་བུར་གྱུར་ཡོད་ཅིང། དེ་དག་གིས་རང་ཉིད་དང་ལྟ་ཚུལ་མི་མཐུན་པ་དག་༧གོང་ས་མཆོག་གི་ཁ་གཏད་དུ་སྒྲུབ་གང་ཐུབ་བྱེད་བཞིན་ཡོད། སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཅུང་ཙམ་ཡོད་པ་དེ་ནི་༧གོང་ས་མཆོག་གིས་མང་གཙོ་གསོལ་རས་སུ་བསྩལ་བའི་དགེ་མཚན་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད་སྙམ།

བོད་མི་ཡོངས་རྫོགས་ཀྱིས་༧གོང་ས་མཆོག་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་ཡིན་པར་ངོས་འཛིན་གྱིས་གཙུག་ཏུ་བཀུར་དགོས་པ་ལས། ༧གོང་ས་མཆོག་རང་ཉིད་ཀྱི་ལག་ཆ་རུ་ངོས་འཛིན་གྱིས་རང་ཉིད་མི་དགའ་ས་ཚང་མར། ༧གོང་ས་མཆོག་ཀྱང་ཐུགས་མཉེས་པོ་མེད་ཚུལ་གྱི་ལྟ་ཚུལ་ཕྱོགས་ཡོངས་ནས་བསྐྲུན་ཐབས་བྱེད་པ་ནི། བོད་དོན་འཐབ་རྩོད་དང་བོད་མི་གཅིག་སྒྲིལ་མི་ཡོང་བའི་རྐྱེན་རྩ་གཙོ་བོར་གྱུར་ཡོད། དེར་བརྟེན་ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་༧གོང་ས་མཆོག་སྤྱི་པའི་གཙུག་ནོར་ཡིན་པ་དེ་ཚང་མས་ཤེས་རྟོགས་དགོས་པ་མ་ཟད། དེ་ལྟར་མིན་པའི་ལྟ་ཚུལ་བསྐྲུན་མཁན་དག་ནི་ཆོས་འཇིག་རྟེན་གང་ཐད་ནས་མ་རབས་ཐ་ཤལ་ཞིག་ཏུ་ངོས་འཛིན་བྱེད་དགོས། ད་ལྟ་བོད་དོན་འཐབ་རྩོད་ཀྱི་དབུགས་རྔ་ཙམ་ཞིག་ལྷག་ཡོད་པ་དེ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཡོད་པ་དང། མ་འོངས་པར་བོད་དོན་འཐབ་རྩོད་དེ་བོད་མི་རིགས་ཀྱི་སེམས་ནང་དུ་གནས་དང་མི་གནས་དེ་ཡང་༧གོང་ས་མཆོག་འབའ་ཞིག་ལ་བརྟེན་ནས་འབྱུང་ངེས་རེད།

མདོར་ན་ཞབས་བརྟན་སྒྲུབ་པ་དང། བརྟན་བཞུགས་འབུལ་བ་སོགས་ཆོས་ཕྱོགས་ཀྱི་བྱ་བ་ཚང་མར་རང་ཉིད་ལ་དཔག་པའི་དགེ་བ་ཡོད་ལ། ཕྱོགས་གཅིག་ནས། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས།། དགེ་སྡུག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ།། ཞེས་གསུངས་པ་བཞིན་ཆོས་ཕྱོགས་ཀྱི་བྱ་བ་ཚང་མ་ཀུན་སློང་འབའ་ཞིག་ལ་རག་ལས་ཡོད་པས། ཕྱིའི་རྣམ་པ་ཁོ་ན་ལ་བརྟེན་ནས་བྱིན་རླབས་དང་གྲུབ་འབྲས་ཆེ་བའི་ངེས་པའང་མཐའ་གཅིག་ཏུ་མེད་ངེས་རེད། ༧གོང་ས་མཆོག་ལ་ཞབས་འདེགས་ཞུ་བ་དང། དགོངས་གཞི་སྒྲུབ་པ། ལམ་སྟོན་བཀའ་སློབ་དག་ཉམས་སུ་ལེན་པ་སོགས་གང་ཡིན་ཡང། དེ་དག་ཚང་མ་གཞན་ཞིག་ཕམ་པར་རྒྱག་བྱེད་དང། རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་ཡིན་ན་ཆོས་ཕྱོགས་ནས་མི་དགེ་བ་དང། འཇིག་རྟེན་ཕྱོགས་ནས་བོད་དོན་འཐབ་རྩོད་དང་མི་རིགས་ལ་གནོད་པ་འབའ་ཞིག་ལས་མེད་པས། ༧གོང་ས་མཆོག་གི་ཉེ་འཁོར་དུ་བཞུགས་པའི་ཞབས་ཞུ་བ་དང། དུས་རྒྱུན་འབྲེལ་འདྲིས་ཟབ་པ་དག་གིས་གུས་བཀུར་ཞུ་བ་ལས་ལག་ཆ་མ་བྱེད་རོགས་ཅེས་ཞུ་འདོད་བྱུང།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།