གོ་མིན་ཏང་གི་སྲིད་འཛིན་འོས་མིས་ཧོང་ཀོང་ལ་མང་གཙོའི་ཐོབ་ཐང་སྤྲོད་དགོས་སྐོར་བརྗོད་འདུག 

ལོ་རྗེས་མའི་ཐའེ་ཝན་སྲིད་འཛིན་འོས་བསྡུའི་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིས། རྒྱ་ནག་གིས་ཧོང་ཀོང་ལ་མང་གཙོའི་ཐོབ་ཐང་ཆ་ཚང་སྤྲད་ནས། ཧོང་ཀོང་གི་སྤྱི་ཁྱབ་པ་དང་གྲོས་ཚོགས་འཐུས་མི་བཅས་ཐད་ཀར་མི་མང་གིས་འོས་འདེམས་བྱེད་རྒྱུ་ཡོད་པ་བཟོ་དགོས་སྐོར་བརྗོད་འདུག

ལོ་རྗེས་མའི་ཐའེ་ཝན་སྲིད་འཛིན་འོས་བསྡུའི་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིས། རྒྱ་ནག་གིས་ཧོང་ཀོང་ལ་མང་གཙོའི་ཐོབ་ཐང་ཆ་ཚང་སྤྲད་ནས། ཧོང་ཀོང་གི་སྤྱི་ཁྱབ་པ་དང་གྲོས་ཚོགས་འཐུས་མི་བཅས་ཐད་ཀར་མི་མང་གིས་འོས་འདེམས་བྱེད་རྒྱུ་ཡོད་པ་བཟོ་དགོས་སྐོར་བརྗོད་འདུག

ཟླ་༡༡ པའི་ཚེས་༡༤ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་ཀའོ་ཡུ་ཡིས་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་དང་དྲི་བ་དྲིས་ལན་བྱས་འདུག་པ་དང་། སྐབས་དེར་ཁོང་གིས་ཐའེ་ཝན་ནི་རྒྱལ་ཁབ་ཀྱི་ངོ་བོ་མ་བརླག་པའི་ཐོག་ནས། མང་གཙོ་ཡང་དག་པའི་ལམ་ལུགས་སུ་འགྲོ་ཐུབ་རྒྱུ་ཡོད་པའི་དཔེ་མཚོན་ཞིག་ཡིན། ཧོང་ཀོང་ནང་གི་ཆབ་སྲིད་དཀའ་རྙོག་ནི་མི་མང་ཚོས་འགོ་ཁྲིད་རྣམས་ཁོ་ཚོའི་ཚབ་མཚོན་ཡང་དག་པ་བྱེད་ཐུབ་ཀྱི་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་པས། རྒྱ་ནག་གིས་ཧོང་ཀོང་ནང་འོས་བསྡུའི་ཐོབ་ཐང་ཆ་ཚང་སྤྲད་ནས། ཧོང་ཀོང་གི་སྤྱི་ཁྱབ་དཔོན་དང་གྲོས་ཚོགས་འཐུས་མི་རྣམས་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུ་ཡོད་པ་བཟོས་ཚེ། ད་ལྟའི་ཧོང་ཀོང་ནང་གི་དཀའ་རྙོག་དེ་སེལ་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཧོང་ཀོང་ནང་ཁག་ཅིག་གིས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་པ་དེར། རྒྱ་ནག་གིས་ནམ་ཡང་བཟོད་སྒོམ་བྱེད་མི་སྲིད་པ་ཡིན་ཡང་། གལ་ཏེ་རྒྱ་ནག་གིས་ཧོང་ཀོང་མི་མང་གིས་ཧོང་ཀོང་འཛིན་སྐྱོང་བྱེད་པའི་ལྟ་གྲུབ་དེ་ཁས་ལེན་བྱས་ཚེ་གྲོང་ཁྱེར་ནང་གི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་རྒྱུ་ཡིན་པ་བརྗོད་འདུག 

ལོ་རྗེས་མའི་ཟླ་༡ པོའི་ཚེས་༡༡ ཉིན་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་བྱེད་རྒྱུ་ཡིན་པ་དང་། གཞུང་འཛིན་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལས་ཁུར་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས་ཀྱང་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གྱི་སྐད་ཆ་མང་པོ་ཞིག་བཤད་ཡོད་པ་རེད། དེ་བཞིན་མོས་གཞུང་འབྲེལ་ཐོག་ནས་ཐའེ་ཝན་གྱི་རང་བཙན་བསྒྲགས་གཏམ་སྤེལ་སྲིད་སྐོར་ཡང་བརྗོད་ཡོད་པས། ཐེངས་འདིར་གོ་མིན་ཏང་སྲིད་འཛིན་འོས་མི་ཧན་ཀའོ་ཡུ་ཡིས་གསར་འགོད་པ་ཚོར། ཐའེ་ཝན་མི་མང་གི་བསམ་ཚུལ་ག་རེ་ཡིན་མིན་ལ་མ་ལྟོས་པར། འགོ་ཁྲིད་ཚོས་ལས་དོན་གཟབ་ནན་ཡང་སྤེལ་དགོས་པ་དང་། གཞུང་འབྲེལ་ཐོག་ནས་རང་བཙན་བསྒྲགས་གཏམ་སྤེལ་བ་ཡིན་ན། རྒྱ་ནག་གི་བཟོད་སྒོམ་བྱེད་པའི་ཐིག་མཚམས་ལས་བརྒལ་བ་ཡིན་པས། ཕྱོགས་གཉིས་བར་དམག་འཁྲུག་དངོས་སུ་འབྱུང་སྲིད་པ་དང་། གལ་ཏེ་ཐའེ་ཝན་མི་མང་ས་ཡ་༢༣ གྱིས་བསམ་ཚུལ་གཅིག་མཐུན་ཐོག་ནས། མང་མོས་འོས་བསྡུ་ཐག་གཅོད་ནང་དུ་རང་བཙན་ལ་རྒྱབ་སྐྱོར་བྱས་ཚེ། དམག་དང་ཆབ་སྲིད་ཀྱི་མཇུག་འབྲས་རྣམས་མྱོང་དགོས་སྐོར་བརྗོད། དེ་ལས་ཁོང་གིས་ད་ལྟའི་གནས་བབ་སྟེ། རྒྱ་ནག་དང་མཉམ་དུ་ཐའེ་ཝན་གྱི་གནས་བབ་ཐོག་གཞུང་འབྲེལ་ཐོག་ནས་མོས་མཐུན་མེད་པའི་གནས་བབ་འོག རྒྱ་ནག་དང་གཞུང་འབྲེལ་མིན་པའི་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་དེ་དུས་ཚོད་ངེས་མེད་རིང་ཉར་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཐོག་མར་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་ཐོན་ཡོད་ཀྱང་། ཕྱིས་སུ་ཐའེ་ཝན་གྱི་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་ཁག་གི་གྲུབ་དོན་དུ། ཁོང་ལ་རྒྱབ་སྐྱོར་གྱི་ཚད་གཞི་དམའ་རུ་སོང་ནས་གྲུབ་དོན་གསར་ཤོས་ཤིག་ཏུ། ལྕམ་ཚེ་དབྱིང་ཝན་ལས་ཁོང་ལ་བརྒྱ་ཆ་༡༥ ཡིས་རྒྱབ་སྐྱོར་ཉུང་བ་ཡོད་པ་ཐོན་པས། ཁོང་གིས་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་དེ་རིགས་མང་པོ་ཞིག་ལ་དོགས་འདྲི་ཆེན་པོ་ཡོད་པ་རེད། དེ་ཚོ་མི་མང་གི་བསམ་བློར་ཤུགས་རྐྱེན་སྤྲོད་ཆེད་དུ་བཀོལ་སྤྱོད་བྱེད་སྲིད་པས། སེམས་ཁྲལ་གང་ཡང་མེད་པ་དང་། བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་དང་མི་མང་གིས་ཁོང་ལ་ཐད་ཀར་རྒྱབ་སྐྱོར་བྱེེད་པའི་ཚད་གཞི་གཉིས་མཐུན་གྱི་མེད་སྐོར་བརྗོད་འདུག 

གསར་འགོད་པ་ཞིག་གིས་ཁོང་ལ་རྒྱ་ནག་གཅིག་ཅེས་པ་དེར་ཁོང་གིས་ལྟ་ཚུལ་འཛིན་སྟངས་དེ། རྒྱ་ནག་གི་སྲིད་འཛིན་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་ལྟ་ཚུལ་འཛིན་སྟངས་དེ་གཅིག་མཚུངས་ཡིན་མིན་དྲིས་སྐབས། ལན་གསལ་པོ་ཞིག་བརྒྱབ་མེད་འདུག དེ་བཞིན་ཐའེ་ཝན་ནང་ཁོང་ནི་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་འོས་མི་ཡིན་པའི་མིང་རྟགས་དེར་ངོས་ལེན་མེད་པ་དང་། མང་གཙོ་ཚོགས་པའི་འགོ་ཁྲིད་ཚོས་ཀྱང་རྒྱ་ནག་གི་འགོ་ཁྲིད་དང་འབྲེལ་གཏུག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་ལ་སྡིགས་སྐུལ་བསྟུད་མར་བྱེད་བཞིན་པ་དང་། ཧོང་ཀོང་ནང་མང་གཙོའི་ལས་འགུལ་ཤུགས་ཆེན་འགྲོ་བཞིན་པའི་གནས་བབ་འོག ཐའེ་ཝན་ནང་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་འོས་མི་ཞེས་པའི་མིང་རྟགས་དེར། འོས་ཤོག་མང་པོ་ཤོར་སྲིད་པ་ཡིན་འདུག དེའི་ཐོག་ཐའེ་ཝན་ནང་དམར་ཤོག་གི་གསར་ཁང་བརྗོད་བཞིན་པའི་གསར་འགྱུར་བརྒྱུད་ལམ་ཚོས། ཁོང་ལ་རྒྱབ་སྐྱོར་གྱི་གནས་ཚུལ་མང་པོ་ཞིག་སྤེལ་བཞིན་འདུག་པས། དེ་ལས་ཁོང་ནི་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་འོས་མི་ཡིན་པར་ངོས་འཛིན་ཤུགས་ཆེན་པོ་ཆགས་འདུག 

ཐའེ་ཝན་ནང་རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་ལས་འགུལ། དེ་བཞིན་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཐའེ་ཝན་གྱི་གསར་ཁང་ཚོས། ལོ་རྗེས་མའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་ཤུགས་རྐྱེན་བཟོ་རྒྱུའི་ཉེན་ཁ་ཡོད་པ་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འདི་ལོར་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གི་གནས་ཚུལ་རྫུན་མ་མང་པོ་ཞིག་ཐའེ་ཝན་ནང་ཁྱབ་སྤེལ་གཏོང་བཞིན་པར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།