གོ་རྒྱུ་ཨེ་འདུག་བལྟ་རོགས་གྱིས།
ཟླ་ཤས་གོང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཆེས་ཆེར་བྱུང་བ་ནི་སྲིད་སྐྱོང་གི་སྐོར་དེ་རེད། སྤྱིའི་ཆ་ནས་ཞུས་ན་གནད་དོན་དེ་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཇི་ཙམ་མང་ན་དེའི་ཚོད་ཀྱིས་དགའ་འོས་ཤིག་ལོས་ཡིན་ཏེ།
རྫ་སྐྱེས་མྱུ་གུ། ཨ་རི།
ཟླ་ཤས་གོང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཆེས་ཆེར་བྱུང་བ་ནི་སྲིད་སྐྱོང་གི་སྐོར་དེ་རེད། སྤྱིའི་ཆ་ནས་ཞུས་ན་གནད་དོན་དེ་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཇི་ཙམ་མང་ན་དེའི་ཚོད་ཀྱིས་དགའ་འོས་ཤིག་ལོས་ཡིན་ཏེ། སྟབས་མ་ལེགས་པ་ཞིག་ལ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ཇི་བཞིན་དགག་ཡིག་དང་དམའ་འབེབས་ཡི་གེ ཕྱོགས་ཁག་དང་ལུང་ཚན། ཆོས་བརྒྱུད་དང་ཆོལ་ཁ། རང་བཙན་དང་དབུ་མའི་ཕྱོགས་རིས་ཕྱེ་ནས་ཚིག་རྩུབ་ཀྱི་མདའ་མོ་གཅིག་ལས་གཅིག་གི་རྣོ་བ་རྐྱང་རྐྱང་ནང་ཁུལ་དུ་འཕེན་རེས་བྱེད་བཞིན་པ་འདི་རེད།
དེ་ཡང་དེའི་རྒྱབ་ལྗོངས་སུ་གསལ་ལ་མ་གསལ་བའི་གནད་དོན་སྣ་ཚོགས་ཤིག་སྤུངས་འདུག་པ་ནི། བློ་བཟང་སེང་གེས་ལྐོག་ཟ་བྱས་རབས་དང་། མི་ལོ་ལྔ་ལ་ཉེ་བ་དེ་ཆུད་ཟོས་སུ་ཕྱིན་པ། ཁོ་རང་གི་བསམ་ཚུལ་ལས་མི་མང་གི་རེ་འདུན་དང་ལེན་བྱས་མེད་ཚུལ་སོགས་མདོར་ན་བརྗོད་མི་ཚར་བའི་གཏམ་འཆལ་སྣ་ཚོགས་ཤིག་སྤེལ་བཞིན་འདུག
དེ་མཚུངས་སུ་སྤེན་པ་ཚེ་རིང་ནི་སྤྱི་ཚོགས་ཤིག་གི་དཀྲུག་ཤིང་མཁན་དང་རང་བཙན་དང་དབུ་མའི་དབར་འགལ་ཟླ་ཡོང་གཞིའི་གཏེ་བོ་ཡིན་ཚུལ། ད་དུང་ཁོང་གིས་བོད་དང་བོད་མིའི་བདེ་སྡུག་ལ་བསམ་གཞིག་མེད་པར། ཁོ་རང་དང་ཁོང་གི་ཨ་ཕྲུག་འགའ་ཤས་ཀྱི་ཁེ་ཕན་ཁོ་ན་ལ་འབད་བཞིན་ཡོད་རབས་གླེང་བཞིན་པ་རེད།
དེ་མིན་ད་དུང་ཀླུ་མཁར་བྱམས་ནི་དད་ལོག་དང་འཇོན་ཐང་མེད་པ་ཞིག་རེད་ཅེས་དང་། ཁོང་ཕྱི་རྒྱལ་གྱི་སྐད་ལ་རང་སྐྱ་འཕེར་བ་ཞིག་མེད་ཁར་བོད་མི་ནང་ཁུལ་དུ་གཏམ་བཤད་སྐབས་སུ་ཡང་སྐད་སྒྱུར་དགོས་སྐོར་སྒྲོགས་བཞིན་འདུག
མདོར་བསྡུས་ནས་ཞུས་ན་འདི་དག་ཐམས་ཅད་པོ་ཟ་དང་ཟུར་ནས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ཁུངས་ལུངས་མེད་པའི་ངང་སྤེལ་བཞིན་པ་འདིར་ཧོབ་སྟེ་བལྟས་ན་ནུས་མེད་ཅིག་དང་ཡིད་རྟོན་ཆ་འཇོག་བྱེད་ས་ཞིག་མིན་པ་ལྟ་བུ་མཐོང་རྒྱུ་རེད་མོད། བློ་རྣལ་དུ་ཕབ་ཏེ་བསམ་གཞིག་ཞིབ་ཀྱིས་བྱེད་ཡོང་དུས་སྐད་ཆ་འདིའི་རིགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་འདུག
༡ དང་པོ་དེར་མི་ལོ་ཧྲིལ་བོ་བརྒྱད་ཅུའི་རིང་སྐུལ་ངལ་འཛེམས་མེད་ཀྱིས་བོད་དང་བོད་མའི་སླད་ཐུགས་དགོངས་བཞེས་མཁན། དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆོལ་ཁ་དང་ཆོས་བརྒྱུད་དབར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཐད་ཕྱག་ལས་གནང་མཁན། བོད་དང་བོད་མིའི་ངོ་བོ། ༧སྐྱབས་མགོན་ཁོང་ཉིད་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཐུགས་དགོངས་ཕམ་བྱེད་ཅིག་ཏུ་འབོད་བཞིན་ཡོད་པ་རེད།
༢ གཉིས་པ་དེར་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་པ་འཐོར་ཞིག་ཏུ་འགྲོ་བ་དང་། མི་མང་བྱིངས་ཀྱི་བསམ་བློ་ལ་རང་བཞིན་གྱིས་ཞེན་ཁོག་གི་བག་ཆགས་འབྱར་ཆེད་བསྒྲགས་བཞིན་པ།
༣ གསུམ་པ་དེར་བོད་དང་བོད་མའི་སྲིད་སྐྱོང་གི་འོས་མི་ཀུན་ནུས་མེད་དང་བྱབ་ཆུང་། སློབ་སྦྱོང་གི་ཆུ་ཚད་ཞན་པ་དང་ཕྱོགས་ཞེན་ཁོ་ན་ལས་བོད་སྤྱི་ཡི་དབུ་ཁྲིད་མི་ཡོང་བ་མ་ཟད། ཚོགས་པ་ཆུང་ཆུང་ཞིག་གི་འགོ་ཁྲིད་ཀྱང་མི་ལོ་བ་དང་། ཐ་ན་མི་ཁོ་རང་ཡང་རང་ཚུགས་ཐུབ་པ་ཞིག་ཨེ་ཡོད་དམ་སྙམ་པའི་བསམ་བློ་སྐྱེ་རུ་བཅུག་པ་དག་རེད།
འདི་དག་ཐམས་ཅད་སུ་ལ་དགོས་པ་རེད། འདི་དག་ཐམས་ཅད་ཡོང་བ་ལ་སུས་འབོད་ཀྱི་འདུག གལ་ཏེ་གནད་དོན་མ་རུང་བ་འདི་དག་གིས་འུ་ཅག་ལ་ཕན་གྱི་འདུག་གམ་གནོད་ཀྱི་འདུག འདི་འདྲ་བའི་ལབ་གླེང་མཁན་མང་ཆེས་དྲ་ཐོག་ཏུ་མིང་ཅི་འདྲ་ཞིག་བཏགས་འདུག དཔར་གང་འདྲ་ཞིག་བཞག་འདུག སུའི་རེ་འདོད་སྐོང་བཞིན་པར་སྐུ་ཉིད་ཀྱིས་བསམ་བློ་བཏང་ཨེ་མྱོང་། གལ་སྲིད་དེ་འདྲ་བའི་བསམ་བློ་བཏང་མ་མྱོང་ཚེ། ད་ལྷོད་ཀྱིས་བསམ་བློ་ཞིག་ཐོངས་དང་། གནད་དོན་འདི་དག་སྒྲོག་མཁན་དག་ཌ་མ་རུ་མགོ་ཅན་དག་དག་ཡིན་པར་རྟོགས་ཐུབ། སྔོན་མ་ནས་ཌ་མརུ་མགོ་ཅན་མང་པོ་འུ་ཚོའི་སྤྱི་ཚོགས་འདི་ལྷིང་འཇགས་མི་ཡོང་བར་དཀྲུག་ཕྱིར་བཀྲམ་ཡོད་པ་གསལ་བོ་ཡིན་པས། བོད་དང་བོད་མིར་ཞེན་པ་ཡོད་མཁན་ཀུན་གྱིས་གཟབ་འོས་སོ། །