གོ་སྐབས་ཀྱིས་སྒུག་མི་སྲིད།

བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གྲུབ་འབྲས་ཐོན་ཐུབ་པའི་གོ་སྐབས་དཀོན་པོ་ཡིན་པའི་ལྟ་ཚུལ་ཡོད་མཁན་བོད་པའི་ནང་དུ་མང་པོ་ཡོད་ལ། བོད་པ་མ་ཡིན་པའི་སྤྱི་ཚོགས་ནས་བོད་དོན་ལ་བལྟ་བའི་སྐབས་སུའང་བསམ་ཚུལ་དེ་ལྟ་བུ་བརྗོད་མཁན་མང་པོ་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༩ ཕྱི་ལོ་ ༢༠༡༩/༡༡ /༢༧

བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གྲུབ་འབྲས་ཐོན་ཐུབ་པའི་གོ་སྐབས་དཀོན་པོ་ཡིན་པའི་ལྟ་ཚུལ་ཡོད་མཁན་བོད་པའི་ནང་དུ་མང་པོ་ཡོད་ལ། བོད་པ་མ་ཡིན་པའི་སྤྱི་ཚོགས་ནས་བོད་དོན་ལ་བལྟ་བའི་སྐབས་སུའང་བསམ་ཚུལ་དེ་ལྟ་བུ་བརྗོད་མཁན་མང་པོ་ཡོད། ད་ལྟ་བོད་པའི་གནས་སྟངས་སྤྱི་ཡོངས་ནས་བལྟས་ན་དེ་ལྟ་བུར་མཐོང་སྲིད་པའི་གནས་ཚུལ་ཡང་ཡོད་ཅིང་། གཙོ་བོ་རྒྱ་དམར་གཞུང་གི་སྲིད་འཛིན་ཞི་ཅིན་ཕིང་གིས་“ཞིན་ཅང་(ཤར་ཏུར་ཀི་སི་ཐན)གི་གྲངས་ཉུང་མི་རིགས་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དྲག་གནོན་བྱེད་དགོས་”པའི་བཀའ་ཕབ་ཡོད་སྐོར་གྱི་གསང་བའི་ཡིག་ཆ་ཞིག ཉེ་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་ལྟར། བོད་པ་ལའང་གཅིག་མཚུངས་སུ་གྱུར་ཡོད། དོན་དངོས་སུ་ལུ་གུས་སྤྱང་ཀིར་ཞུ་བ་འཐེན་ནས་སྙིང་རྗེ་བལྟ་མི་སྲིད་པ་མ་ཟད། རེ་བ་དེ་ལྟ་བུ་ཞིག་བརྒྱབ་པ་དེ་ཡང་ནོར་འཁྲུལ་དུ་གྱུར་ཡོད། དེ་བས་ཐབས་ཤེས་གང་ཡོད་ཀྱིས་ལུ་གུ་རང་ཉིད་ཀྱི་སྲོག་མགོ་ཐོན་ཐབས་སུ་འབྲོ་ས་གབ་ས་ཞིག་འཚོལ་རྒྱུ་ལས་མེད། འབྲོ་ས་ནས་ཐར་མི་སྲིད་པ་མིན་ལ། རང་མལ་དུ་བསྡད་ན་འཆི་རྒྱུ་ལས་མེད།

རྒྱལ་སྤྱིའི་སྲིད་དོན་འཕོ་འགྱུར་གྱི་ཁ་ཕྱོགས་རྟག་པ་བརྟན་པ་ཞིག་མིན་པ་དང་། ཁ་ཕྱོགས་གཅིག་དང་དམིགས་ཡུལ་གཅིག་གི་ཐོག་ལ་ཤུགས་རྒྱག་པའི་དུས་སྐབས་ཤིག་ཕལ་ཆེར་ཡོང་མི་སྲིད་པ་རེད། གོ་སྐབས་ནམ་ཡོད་ལ་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གཞིགས་ནས་རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་ནས་གོ་སྐབས་འཚོལ་བཞིན་ཡོད་ལ། ཨ་རི་ལྟ་བུར་མཚོན་ན་རྒྱལ་སྤྱིའི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་ཁེ་ཕན་ལེན་པའི་ནུས་པ་ཡོད་པས། ཨ་རིའི་འགུལ་བསྐྱོད་མང་པོ་ཞིག་རྒྱལ་ཁབ་རང་ཉིད་དང་དེའི་ཁ་ཕྱོགས་དང་མཐུན་པའི་རྒྱལ་ཁབ་ཁག་གི་ཁེ་ཕན་གཙོ་བོར་བཟུང་ཡོད། ད་ལྟའི་ཆར་རྒྱ་ནག་གིས་ཀྱང་བརྒྱུད་གཅིག་ལམ་གཅིག་གི་འཆར་གཞི་ལ་བརྟེན་ནས། རྒྱལ་སྤྱིའི་ཐོག་ནུས་ཤུགས་རྩོད་ལེན་བྱེད་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཆུང་བ་མང་པོ་ཞིག་གིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་གི་ཁ་ཕྱོགས་ལ་གཞིགས་ནས། རང་ཉིད་ཀྱི་ཁེ་ཕན་ལེན་ཕྱོགས་དང་། གཙོ་བོ་ཨ་རི་དང་རྒྱ་ནག་གང་གི་ཕྱོགས་སུ་ལང་ན་རང་ཉིད་ཀྱི་རྒྱལ་ཁབ་ལ་ཁེ་ཕན་ཆེ་མིན་ཚོད་རྩིས་བྱེད་བཞིན་པའི་སྐབས་རེད།

 དེར་བརྟེན་རྒྱལ་སྤྱིའི་འཕོ་འགྱུར་དང་ཁ་ཕྱོགས་ཞེས་པ་དེ་མཐའ་གཅིག་ཏུ་གཏན་ཁེལ་བ་ཞིག་མེད་ནའང་། རྒྱལ་ཁབ་སོ་སོས་རང་ཉིད་ལ་དགོས་པའི་སྐབས་སུ་སོ་སོར་གོ་སྐབས་ལེན་ཐུབ་ན་ཆབ་སྲིད་ཀྱི་ཐོག་ནས་གྲུབ་འབྲས་སོན་པ་རེད། ད་ལྟའི་ཆར་བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཞིག་མེད་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད་པ་དང་། དེ་ཡང་བོད་པ་རང་ངོས་ནས་འབད་བརྩོན་དང་ཁ་ཕྱོགས་ལ་རག་ལས་པ་ཞིག་རེད། བོད་པའི་ངོས་ནས་རྒྱ་དམར་གཞུང་ལ་ཁ་གཏད་ཀྱི་རྣམ་པ་ཆེན་པོ་མེད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ངམ། རྒྱ་ནག་དམར་ཕྱོགས་ཀྱི་དབང་བསྒྱུར་ལས་ཁ་འབྲལ་རྒྱུ་མིན་པའི་བསམ་བློ་བཏང་ནས། འཆར་གཞི་དང་སྲིད་བྱུས་བརྟན་པོ་བཟུང་ཡོད་པས། རྒྱ་ནག་ལ་ཁ་གཏད་གཅོག་འདོད་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ནའང་། བོད་དོན་དེ་ལག་ཆ་གཙོ་བོ་ཞིག་གཏན་ནས་མིན་པས་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་ཤུགས་རྐྱེན་ཆུང་དུ་འགྲོ་བའི་རྒྱུ་རྐྱེན་གཅིག་དེ་རེད། བོད་དོན་ལ་རྒྱབ་སྐྱོར་ཡང་རྟག་བརྟན་ཞིག་མིན་ནའང་ཆབ་སྲིད་ཀྱི་ཁོར་ཡུག་ནང་གོ་སྐབས་ཤིག་ཏུ་འགྱུར་ཐུབ་དགོས།

དེ་བཞིན་བོད་པ་རང་ངོས་ནས་ནུས་པ་ཆེན་པོ་ཞིག་ཡོད་མེད་གང་ལྟར་ཡང་། ༧གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་ནས་བོད་དོན་དེ་མ་བརླགས་པར་གནས་ཐུབ་ཡོད། རྒྱལ་སྤྱིའི་འགྱུར་འགྲོས་ལ་གཞིགས་ནས་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཁེ་ཕན་ལེན་མ་ཐུབ་ན། བོད་དོན་ནི་དུས་ནམ་ཡང་ནུས་པ་དང་གོ་སྐབས་གཉིས་ཀ་མེད་པ་ཞིག་ཏུ་འགྱུར་ངེས་པ་དང་། མ་འོངས་པར་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཤིག་འཛིན་ཐུབ་དགོས་པ་དེ་གལ་ཆེ། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དུས་ཐུང་ནང་འགྱུར་བ་གཏོང་ཆོག་ཆོག་ཅིག་མིན་ནའང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དུས་རྒྱུན་དོ་སྣང་དང་ཁ་ཕྱོགས་ངེས་པར་དུ་འཚོལ་དགོས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ཀྱང་ད་ལྟ་དང་གཅིག་མཚུངས་ཐོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཀྱང་གོ་རྒྱུ་ཚོར་རྒྱུ་མེད་པར་གྱུར་ཟིན་པའི་རྗེས་སུ། སྤྱི་ཚོགས་ཁོ་རང་གི་ཁ་ཕྱོགས་ལ་འགྱུར་བ་ཐེབས་འགྲོ་གི་ཡོད་པ་རེད། 

 མདོར་ན་རྒྱལ་སྤྱིའི་འགྱུར་འགྲོས་ལ་གཞིགས་ན་ད་ལྟའི་ཆར་བོད་དོན་འཐབ་རྩོད་དེ་ཚ་ཚ་འུར་འུར་གྱི་ངང་དུ་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད་པ་དང་། སྐབས་མཚམས་སོ་སོར་དེ་དང་འབྲེལ་བའི་རྒྱབ་སྐྱོར་ཡང་རག་ངེས་པ་རེད། རྒྱ་དམར་གཞུང་གི་ངོས་ནས་བོད་དོན་ལ་གོ་སྐབས་ཡོད་པའི་རྣམ་པ་གཏན་ནས་སྟོན་མི་སྲིད་ལ། དངོས་ཤུགས་བརྒྱུད་གསུམ་ནས་བོད་ལ་གོ་སྐབས་དམིགས་བསལ་ཞིག་སྤྲོད་མི་སྲིད་ནའང་། ད་ལྟའི་དུས་འདིར་ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས། བོད་ཀྱི་གནས་སྟངས་སོགས་གཞི་གཅིག་ཏུ་སྦྲེལ་ནས་འཐབ་རྩོད་ཀྱི་ཁ་ཕྱོགས་འཚོལ་ཐུབ་ན་བོད་དོན་ལའང་གོ་སྐབས་མེད་པའི་གོ་སྐབས་ཤིག་རག་མི་སྲིད་པ་གཏན་ནས་མ་རེད། དེ་ཡིན་དུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབད་བརྩོན་བྱེད་དགོས་པ་མང་པོ་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་དེ་བས་ཀྱང་གོ་སྐབས་འཛིན་དགོས་པ་མང་པོ་ཡོད། ཆབ་སྲིད་དང་འཐབ་རྩོད་ཀྱི་ཐོག་ནས་གོ་སྐབས་གསེར་ལྟ་བུ་མང་པོ་ཡོད་པ་དེ་འཛིན་མ་ཐུབ་ན། བསྐྱར་དུ་གོ་སྐབས་དེ་ལྟ་བུ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།