གོ་སྐབས་འཆོར་བཞིན་འདུག
ཆེད་བརྗོད།
ལོ་འདིའི་ཕྱི་ཟླ་༢ པའི་ཚེས་༢༤ ནས་བཟུང་ར་ཤི་ཡས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་འགོ་བཙུགས་ནས་ཟླ་བ་དྲུག་ལ་ཉེ་ཞིང། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐའེ་ཝན་དུ་ཕེབས་པ་ནས་བཟུང་རྒྱ་དམར་གཞུང་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པས། ཐའེ་ཝན་དང་རྒྱ་ནག་གི་དབར་ལ་དམག་འཁྲུག་ཡོང་རྒྱུའི་ཉེན་ཁའང་ཆེན་པོ་ཡོད། དེ་བཞིན་ར་ཤི་ཡས་བཙན་འཛུལ་འོག་ཡུག་ཀེ་རན་གྱི་འབྲུ་རིགས་རྒྱལ་ཁབ་གཞན་ལ་དབོར་འདྲེན་མ་ཐུབ་པར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཟ་འབྲུས་མ་འདངས་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད། དམག་འཁྲུག་དེ་ལ་བརྟེན་ནས་རྡོ་སྣུམ་དང་རླངས་རྫས་བཅས་ཀྱི་ཐོག་ནས་ཀྱང་ཡུ་རོབ་ཁུལ་གྱིས་གཙོས་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ད་ལྟ་འཛམ་གླིང་གི་ཁ་ཕྱོགས་དང་བསྟུན་ནས་བལྟས་ན་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་ངེས་པ་དང། ཕྱོགས་གཅིག་ནས་བལྟས་ན་ཁ་ཕྱོགས་འདི་ལ་བརྟེན་ནས་འཛམ་གླིང་འཁྲུག་ཆེན་གསུམ་པའང་འབྱུང་མི་སྲིད་པ་མིན།
འགྱུར་ལྡོག་ཆེན་པོ་དེ་ལྟ་བུའི་ཁྲོད་ནས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་རྣམས་འཐོར་ཞིག་ཏུ་འགྲོ་སྲིད་པ་དང། སྟོབས་ཤུགས་མེད་པ་མང་པོ་ཞིག་སྟོབས་ཤུགས་ཅན་དུ་འགྱུར་སྲིད་པ་སོགས་ཀྱི་གོ་སྐབས་ནི་དམག་འཁྲུག་ལ་བརྟེན་ནས་དུས་ཐུང་ནང་ཡོང་གི་ཡོད་པ་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་ཤེས་ཐུབ། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་བརྟེན་ནས་བོད་དོན་གྱི་གནས་བབས་དང། རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་སོགས་གང་ཐད་ནས་བསམ་བློ་བཏང་ན། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཙམ་ཞིག་ཏུ་གྱུར་ཡོད་པ་ལས། རྒྱལ་ཁབ་དང་མི་རིགས་ཤིག་གི་འཐབ་རྩོད་ཀྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད། ཉེ་ཆར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་པའི་སྐབས། སྐུ་མགྲོན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་ཕེབས་ཡོད་པ་དང། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་གྲོས་ཚོགས་འཐུས་མི་ཕེབས་ཡོད།
འོན་ཀྱང་དེར་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐའེ་ཝན་དུ་ཕེབས་པ་ལྟ་བུའི་དོ་སྣང་དང་གླེང་ཕྱོགས་ཟུར་ཙམ་མེད་པ་མ་ཟད། རྒྱལ་སྤྱིའི་ནང་སྐད་གྲགས་ཆེན་བའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གཅིག་གི་ནང་དུའང་དེའི་སྐོར་གྱི་གནས་ཚུལ་བཀོད་མེད་པ་ནི། ད་ལྟའི་ཆར་ཨ་རིས་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་སྡང་ཟུག་ཆེན་པོའི་ཐོག་ནས་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནི་མུ་མཐུད།“གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་རྒྱུན་འཁྱོངས།”བཅས་རྒྱ་དམར་གཞུང་གི་དགོས་འདུན་བཞིན། རྒྱུན་འཁྱོངས་གསུམ་ཁས་ལེན་བྱ་རྒྱུ་ཡིག་ཐོག་ནས་ཁས་ལེན་ཟིན་པ་དེ་མུ་མཐུད་རྒྱུན་འཛིན་བྱེད་བཞིན་ཡོད་པས། བོད་པའི་འཐབ་རྩོད་ནི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལྟ་བུ་གཞི་རིམ་གྱི་ཐོབ་ཐང་རྩོད་པ་ཙམ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ལྟ་བུའི་གལ་གནད་ཅིག་ཏུ་མ་མཐོང་བས་རེད།
བོད་དོན་ཆབ་སྲིད་དེ་རྒྱལ་སྤྱིའི་སྟེང་གལ་ཆེན་པོར་སྒྱུར་ཐུབ་མིན་ནི་བོད་མིའི་སྒྲིག་འཛུགས་ལ་རག་ལས་ཤིང། བོད་པས་འཐབ་རྩོད་ལ་ངར་ཤུགས་གང་ཡང་མེད་ན་རྒྱལ་ཁབ་དང་མི་རིགས་གཞན་གྱིས་བོད་དོན་ཆེད་བློས་གཏོང་མི་བྱེད་པ་དང། བོད་རང་བཙན་རྒྱ་གཞུང་གི་ལག་ནས་འཕྲོགས་ཏེ་བོད་པར་སྤྲོད་མཁན་སུ་གཅིག་མེད། གཙོ་བོ་བོད་པ་རང་གིས་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་མ་ཤོར་བའི་ཐོག་ནས་རྒྱ་གཞུང་ལ་ཁ་གཏད་ཀྱི་རྣམ་འགྱུར་ཤུགས་ཆེ་རུ་གཏོང་དགོས། ཐ་ན་རྒྱ་དམར་གཞུང་བོད་པའི་དགྲ་བོ་ཡིན་པའི་འདུ་ཤེས་དེ་བོད་པའི་སྤྱི་ཚོགས་ནང་གནས་ཐུབ་པ་ཞིག་མ་བཟོས་ན། བོད་དོན་འཐབ་རྩོད་རྒྱུན་གནས་མི་ཐུབ་པ་དང། བོད་དོན་འཐབ་རྩོད་བརླགས་ཟིན་རྗེས་བོད་མིའི་སྒྲིག་འཛུགས་ཀྱང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་རྒྱུན་གནས་མི་ཐུབ་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད། ད་ལྟའི་ཆར་འཐབ་རྩོད་དང་དེའི་རེ་བ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་བཞིན་པས་བོད་དོན་འཐབ་རྩོད་བརླགས་ཟིན་རྗེས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་རིན་ཐང་གང་ཡང་ལྷག་མེད།
མདོར་ན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁ་ཕྱོགས་དང་སྲིད་བྱུས་གསར་པ་ཞིག་ཏུ་བསྒྱུར་ནས་བོད་དོན་འཐབ་རྩོད་རྒྱུན་གནས་བྱེད་ཐབས་མ་བྱས་པར། ནང་ཁུལ་དུ་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་ཐབས་ཙམ་དང། རང་ཉིད་ཀྱི་ཤོག་ཁའི་དཔུང་སྒྲིག་གི་གོ་སྐབས་དམ་འཛིན་བྱས་པ་ཙམ་གྱིས་བོད་དོན་འཐབ་རྩོད་ལ་ཕན་ཐོགས་མེད་པ་མ་ཟད། མ་འོངས་པར་མི་རབས་ཚ་བརྒྱུད་ཀྱི་གདོང་ལ་ནག་དྲེག་བྱུགས་པ་ཞིག་ཏུ་འགྱུར་ངེས། དང་པོ་རྒྱ་ནག་གཞུང་དེ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་དགྲ་བོ་ཡིན་པ་དང། རྒྱ་མི་རིགས་སུ་ཡིན་ཡང་རྒྱ་གཞུང་ལ་རྒྱབ་སྐྱོར་མཁྲེགས་པོ་བྱེད་མཁན་ཞིག་ཡིན་ན་བོད་པའི་དགྲ་བོ་ཡིན་པའི་ངོས་འཛིན་བྱེད་དགོས། བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་དགོས་ན་བོད་པ་མདུན་དུ་བསྐྱོད་དགོས་པ་ལས། བོད་པས་འཐབ་རྩོད་མ་བྱས་པར་བོད་དོན་རྒྱབ་སྐྱོར་ལ་རེ་བ་ནི་ས་བོན་མ་བཏབ་པར་འབྲས་བུ་སྒུག་པ་དང་འདྲ། རྒྱ་གཞུང་གྲོགས་པོ་དང་བོད་པ་ནང་ཁུལ་དགྲ་བོ་ཡིན་པ་ལྟ་བུའི་ཁ་ཕྱོགས་ཤིག་ལ་བསྐྱོད་ན་བོད་དོན་འཇའ་ཡལ་བ་ལྟར་འགྱུར་ངེས་རེད།།