གོད་ཆག་འོག་གི་བལ་ཡུལ།
ཟླ་འདིའི་ཕྱི་ཚེས་༢༥ ཉིན་བལ་ཡུལ་གཙོ་བོ་བྱས་པའི་དེའི་ཉེ་འགྲམ་གྱི་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་པ་དང། ལྷག་པར་བལ་ཡུལ་དུ་རྐྱེན་འདས་སོང་བ་དངོས་ར་འཕྲོད་པ་ད་ཆ་མི་གྲངས་ལྔ་སྟོང་ཙམ་ཡིན་ཡང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༠ ཕྱི་ལོ་ ༢༠༡༥/༤/༢༩
ཟླ་འདིའི་ཕྱི་ཚེས་༢༥ ཉིན་བལ་ཡུལ་གཙོ་བོ་བྱས་པའི་དེའི་ཉེ་འགྲམ་གྱི་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་པ་དང། ལྷག་པར་བལ་ཡུལ་དུ་རྐྱེན་འདས་སོང་བ་དངོས་ར་འཕྲོད་པ་ད་ཆ་མི་གྲངས་ལྔ་སྟོང་ཙམ་ཡིན་ཡང་། ཉིན་རེ་བཞིན་རྐྱེན་འདས་སོང་བའི་གྲངས་ཀ་དེ་འཕར་བཞིན་ཡོད་འདུག བལ་ཡུལ་དེ་དཔལ་འབྱོར་དང་འཛིན་སྐྱོང་གང་ཐད་ནས་ཆེས་རྗེས་ལུས་ཀྱི་གནས་སྟངས་འོག་ཡོད་པ་དང། ད་ལན་རང་བྱུང་གོད་ཆག་འདི་ལ་བརྟེན་ནས་བསུབ་ཐབས་བྲལ་བའི་གྱོང་གུད་ཆེན་པོ་ཞིག་ཕོག་ཡོད་པ་རེད། གོད་ཆག་འདི་ལ་བརྟེན་ནས་རྒྱ་གར་དང། རྒྱ་ནག་གཉིས་ཀྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནས་རོགས་རམ་བྱེད་བཞིན་ཡོད་ཀྱང། རྒྱ་དམར་གཞུང་གིས་རོགས་རམ་དང་མཉམ་དུ་ཆབ་སྲིད་ཐོག་ནས་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་ཀྱང་དམ་འཛིན་བྱེད་བཞིན་ཡོད་པ་རེད། དཔེར་ན་ཐའེ་ཝན་གཞུང་གི་ངོས་ནས་རོགས་རམ་བྱེད་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད་ཀྱང་བལ་གཞུང་གིས་ཁས་ལེན་བྱས་མེད་པ་ནི་རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཧ་ཅང་གསལ་པོ་རེད།
བལ་ཡུལ་ལ་གོད་ཆག་ཆེན་པོ་འདི་ལྟར་བྱུང་སྐབས་བལ་ཡུལ་མི་མང་ལ་དགོས་པ་ནི་ཁ་ཞེ་གཉིས་མེད་ཀྱི་རོགས་སྐྱོར་ཞིག་ལས། དེ་དང་མཉམ་དུ་གནོན་ཤུགས་སྣ་ཚོགས་ཤིག་སྤྲད་སོང་ན་དེ་ཡང་དཀའ་ངལ་འཕར་མ་ཞིག་ཏུ་འགྱུར་ངེས་རེད། དུས་རྒྱུན་དུ་རྒྱ་ནག་གཞུང་གི་ངོས་ནས་བལ་ཡུལ་གཞུང་ལ་རོགས་རམ་གྱི་མིང་ཐོག་ནས་གནོན་ཤུགས་ཀྱང་གང་མང་ཞིག་སྤྲོད་བཞིན་པ་དང། དེ་བཞིན་རྒྱ་གར་གྱི་ངོས་ནས་ཀྱང་རོགས་རམ་མང་པོ་བྱེད་བཞིན་ཡོད་པ་དང། བལ་ཡུལ་ནི་ཆོས་རིག་དང་འབྲེལ་བའི་ཡུལ་གོམས་གཤིས་ལུགས་བཅས་རྒྱ་གར་དང་འབྲེལ་འདྲེས་ཆེ་ཐོག ད་ཆ་བཅའ་དངོས་དབོར་འདྲེན་སོགས་ཀྱང་གཙོ་བོ་རྒྱ་གར་ལ་བརྟེན་དགོས་པས། སྐབས་རེ་མཁོ་ཆས་རེ་ཟུང་ཙམ་རྒྱ་གར་གྱིས་བཀག་འགོག་བྱས་པའི་སྐབས་སུ་བལ་ཡུལ་དུ་དཀའ་ངལ་མང་པོ་འཕྲད་བཞིན་པ་སོགས། རྒྱ་དཀར་ནག་གཉིས་ཀའི་ངོས་ནས་བལ་ཡུལ་ལ་རོགས་རམ་དང་མཉམ་དུ་གནོན་ཤུགས་ཀྱང་མི་ཉུང་བ་ཞིག་སྤྲོད་བཞིན་ཡོད་ཀྱང། ད་ལྟའི་དུས་འདིར་རོགས་རམ་ཁོ་ན་ལས་གནོན་ཤུགས་སྤྲོད་མི་འོས།
སྤྱིར་བལ་ཡུལ་དུ་ས་ཡོམ་ཡོང་ཉེན་ཡོད་པའི་གནས་ཚུལ་རྒྱ་གར་སོགས་ཀྱི་ཆེད་ལས་ཞིབ་འཇུག་པས་ཧ་གོ་ནས་བལ་ཡུལ་དུ་སླེབས་ཏེ་བདུན་ཕྲག་གཅིག་ཙམ་ཕྱིན་ཡོད་ཀྱང། དུས་ཚོད་ཏག་ཏག་ཅིག་གཏན་འཁེལ་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་འདུག་པ་དང། ལྷག་པར་དུས་ཚོད་མགྱོགས་པོ་དེ་འདྲ་ཞིག་གི་ནང་ས་ཡོམ་རྒྱག་གི་ཡོད་པ་དེ་ཤེས་རྟོགས་ཐུབ་མེད་པ་རེད། བདུན་ཕྲག་གཅིག་དེའི་རིང་བལ་ཡུལ་གཞུང་གི་ངོས་ནས་ཆེད་ལས་ཞིབ་འཇུག་པའི་སྙན་ཐོ་གཞིར་བཟུང་ཉེན་ཁ་ལས་གྲོལ་ཐུབ་པའི་ཆེད་དུ་མི་མང་ལ་སྔོན་བརྡ་གཏོང་ཐུབ་མེད་པ་དང། གཞུང་གི་ངོས་ནས་ཉེན་སྲུང་ཡང་ཚགས་ཚུད་པོ་གང་ཡང་བྱེད་ཐུབ་མེད་པ་རེད། ད་ལྟའི་ཆར་ཡུལ་དེའི་རྩ་ཁྲིམས་ཙམ་ཡང་གཏན་འབེབས་བྱེད་ཐུབ་མེད་པ་མ་ཟད། དུས་ཡུན་གང་ཙམ་ནས་ཁྲིམས་མེད་ལུགས་མེད་ལྟ་བུར་གྱུར་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ད་ལན་གྱི་གོད་ཆག་ཆེན་པོ་འདིའི་འོག་ནས་འཛིན་སྐྱོང་ཚགས་ཚུད་ཡོད་པའི་རྒྱལ་ཁབ་གཞན་ལས་མི་མང་ལ་དཀའ་ངལ་ཆེ་བ་ཞིག་འཕྲད་ངེས་ཡིན་པ་བཤད་མི་དགོས་པ་ཞིག་རེད།
ད་ཆ་འཛམ་གླིང་གི་རྒྱལ་ཁབ་གང་མང་ཞིག་ནས་བལ་ཡུལ་དུ་རོགས་སྐྱོར་མང་པོ་ཞིག་བྱེད་ངེས་ཡིན་ཡང། དེ་དག་ཚང་མ་དཀའ་ངལ་ཅན་གྱི་མི་མང་གི་ལག་ཏུ་རག་ཐུབ་མིན་ཡང་བཤད་ཚོད་ཐིག་དཀའ་བ་དང། བལ་ཡུལ་གྱི་དཔོན་རིགས་ངོ་ཚ་མེད་ཅིང་ཟ་རྔམ་ཅན་དེ་དག་སྒེར་གྱི་ངོས་ནས་ཕྱུག་པོ་ཆགས་པའི་མཐུན་རྐྱེན་ཙམ་དུ་འགྱུར་མི་འགྲོ་བའི་ངེས་པའང་གཏན་ནས་མེད། འོན་ཀྱང་བལ་ཡུལ་མི་མང་ལ་ཁ་ཚ་དགོས་གཏུག་གི་ཐོག་ནས་དགོས་པ་དེ་འཐུང་ཆུ་དང་ཟས་གོས་ཡིན་པ་དང། ཕུགས་རྒྱང་རིང་པོའི་ཐོག་ནས་དགོས་མཁོ་ཡོད་པའང་མང་པོ་ཡོད་པས་ད་ལྟའི་དུས་འདིར་རོགས་རམ་གང་ཐུབ་གནང་དགོས་པ་དེ་ཧ་ཅང་གལ་ཆེ། སྤྱིར་བོད་པ་དང་བལ་ཡུལ་གཉིས་ཀ་གནའ་བོའི་དུས་ནས་ཁྱིམ་མཚེས་ཡིན་པ་མ་ཟད། ཆོས་དང་རིག་གནས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད། ལྷག་པར་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་བལ་ཡུལ་དུ་བོད་པའི་རྟེན་གཞི་གང་མང་ཞིག་འཛུགས་ཐུབ་ཡོད་པ་དང། བལ་པོའི་མི་མང་དང་བོད་རིགས་སྐྱབས་བཅོལ་བ་གཉིས་ཀར་མཐུན་ལམ་དམ་ཟབ་ངང་གནས་ཡོད།
བལ་ཡུལ་གྱི་རྒྱལ་པོ་རྐྱེན་འདས་སུ་གྱུར་པ་ནས་བཟུང་ཉེ་བའི་ལོ་བཅུ་ཕྲག་ལྷག་ཙམ་གྱི་རིང་རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བལ་ཡུལ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་འགལ་རྐྱེན་མང་པོ་འཕྲད་ཡོད་ཀྱང། སྟོབས་འབྱོར་དང་མངའ་ཐང་གང་ཐད་ནས་བསམ་བློ་བཏང་ཡང་རྒྱ་གཞུང་གི་གནོན་ཤུགས་ལ་བལ་གཞུང་མགོ་བསྒུར་བ་དེ་ཧང་སང་དགོས་པ་ཞིག་གང་ཡང་མ་རེད། མདོར་ན་བལ་ཡུལ་དུ་བོད་པའི་ཆོས་དང་རིག་གནས་རྒྱུན་འཛིན་གྱི་ཐོག་ལ་ད་བར་དཀའ་ངལ་གང་ཡང་འཕྲད་མེད་ལ། བལ་ཡུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་མི་ཉུང་བ་ཞིག་རང་དབང་གི་ཐོག་ནས་ཚོང་གཉེར་བྱས་ནས་ཕྱུག་བདག་ཏུ་གྱུར་མཁན་ཧ་ཅང་མང་པོ་ཡོད། བལ་ཡུལ་དུ་བོད་པའི་དགོན་པ་དང་སློབ་གྲྭ། གཞིས་ཆགས། བཟོ་གྲྭ་སོགས་གང་མང་ཞིག་གནས་ཡོད་པས་བལ་ཡུལ་ནི་བོད་ལ་བཀའ་དྲིན་ཧ་ཅང་ཆེ་བ་དང། ལྷག་པར་དུ་བལ་ཡུལ་མི་མང་གི་ངོས་ནས་བོད་པར་བརྩི་མཐོང་དང་དགའ་ཞེན་ཆེན་པོ་ཡོད་པས། བོད་པ་ལ་ནུས་པ་ཡོད་ན་བལ་ཡུལ་མི་མང་ལ་རོགས་རམ་གང་ཐུབ་བྱེད་པའི་དུས་ལ་བབ་ཡོད།།