གྲངས་ཉུང་མི་རིགས་ཁག་ལ་ལག་བསྟར་བྱེད་བཞིན་པའི་རྩོད་གཞི་ཅན་གྱི་ཁྲིམས་ལུགས་ལ་བསྐྱར་ཞིབ་དགོས་པར་བརྗོད།

ལོ་གཉིས་ཀྱི་སྔོན་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། ཉེ་ཆར་སྙན་ཐོ་དེའི་སྐོར་བསྐྱར་ཞིབ་བྱེད་དུས་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩོད་གཞི་ཅན་གྱི་ཁྲིམས་ལུགས་རྣམས་ལ་ངེས་པར་དུ་བསྐྱར་ཞིབ་དགོས་པར་བརྗོད་ཡོད་འདུག 

ཕྱི་ཚེས་༢༧ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲྭ་ཚིགས་ཐོག་སྤེལ་པའི་གནས་ཚུལ་ལ་ལྟར་ན། ཉེ་ཆར་མཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་བསྐྱར་ཞིབ་ཅིག་བྱས་ཡོད་འདུག དེ་ཡང་ཕྱི་ལོ་༢༠༢༢ ཟླ་༨ ཚེས་༣༡ ཉིན་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་གང་བཏོན་པ་དག་ལག་བསྟར་བྱས་ཡོད་མེད་སྐོར་བསྐྱར་ཞིབ་བྱས་པ་ཞིག་ཡིན་འདུག དྲྭ་ཚིགས་ཐོག་བཀོད་དོན་ལ་ཉེ་ཆར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་རྣམས་ཀྱི་བར་གོ་བསྡུར་ལྷུག་པོར་བྱུང་ཡོད་པར་བརྗོད། དེ་ཡང་དྲག་སྤྱོད་འགོག་རྒོལ་གྱི་ཁྲིམས་ལུགས་དང་སྲིད་བྱུས། ནག་ཉེས་ཁྲིམས་ལུགས། མི་རིགས་དང་ཆོས་ལུགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་པའི་སྲིད་བྱུས་གཞན་དག ཡུ་གུར་རང་སྐྱོང་ལྗོངས་དང་བོད་རང་སྐྱོང་ལྗོངས་ཟེར་བའི་གནས་སྟངས། དེ་བཞིན་ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་ཚུད་ཡོད་པར་བཀོད་འདུག 

དམིགས་བསལ་འདི་ལོའི་ཕྱི་ཟླ་༦ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་ཆུང་ཞིག་རྒྱ་ནག་ནང་ལྟ་སྐོར་དུ་ཕྱིན་ནས། རྒྱ་ནག་གཞུང་གི་མཐོ་རིམ་འགོ་ཁྲིད་རྣམས་དང་ལྷན་དུ་དྲག་སྤྱོད་པ་འགོག་རྒོལ་གྱི་ཁྲིམས་ལུགས་དང་། ནག་ཉེས་ཁྲིམས་ལུགས་སོགས་ཀྱི་སྐོར་གྲོས་བསྡུར་བྱུང་ཡོད་ཅིང་། དམིགས་བསལ་ཡུ་གུར་ས་ཁུལ་ནང་ཧ་ཅང་གི་རྩོད་གཞི་ཅན་གྱི་ཁྲིམས་ལུགས་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་དག་ལ་བསྐྱར་ཞིབ་ངེས་པར་དུ་དགོས་པའི་འབོད་སྐུལ་ཞུས་ཡོད་པར་བརྗོད་འདུག་པ་དང་།  དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཁྲིམས་མཐུན་གྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་གྱི་ཁྲིམས་ལུགས་དེ་དག་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་པ་དང་། བསྐྱར་ཞིབ་བྱས་པའི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ། ལྷག་པར་དུ་མནར་གཅོད་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ཉེས་འཛུགས་ཁག་ལ་ཞིབ་འཇུག་ནན་ཏན་བྱེད་དགོས་པར་བརྗོད་འདུག
ང་ཚོའི་རེ་བ་ལ་རྒྱ་ནག་གཞུང་དང་ལྷན་དུ་སྔར་ལས་གོ་བསྡུར་མང་ཙམ་ཡོང་རྒྱུ་དང་། རྒྱ་ནག་གི་སྤྱི་ཚོགས་ཁྲོད་སྔར་ལས་ལྷག་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་དང་སྤྱི་དམངས་ཀྱི་ཚོགས་སྡེ་ཁག་དང་ལྷན་དུ་འབྲེལ་ལམ་རྒྱུན་མཐུད་བྱས་ཏེ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་མི་སྒེར་ལ་འཇིགས་སྐུལ་དང་། རྒྱ་ནག་ནང་ལོགས་ཀྱི་གནས་ཚུལ་རིགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པར་མ་ལྟོས་པར་རྒྱ་ནག་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག 
ད་དུང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གར་སོང་ཆ་མེད་དུ་གྱུར་པ་དང་། གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་མི་རྣམས་ཀློད་བཀྲོལ་གཏོང་དགོས་པ་དང་།  ཁོང་ཚོའི་ནང་མིར་མི་དེ་དག་གི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་འདོན་དགོས་པ་བཅས་རྒྱ་ནག་གཞུང་ལ་སྐུལ་མ་བྱས་ཡོད་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་ཝོལ་ཀར་ (Volker Türk) ལགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་མུ་མཐུད་གོ་བསྡུར་བྱས་ནས། གནོད་འཚེ་ཕོག་པའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཞུ་གཏུག་བྱ་རྒྱུའི་དམ་བཅའ་བཞག་ཡོད་ཅེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།