གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་གདན་འདྲེན་ཞུས་པ།
ཕྱི་ཟླ་༧ ཚེས་༢༨ ཉིན་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་ཆུང་སྲིད་རིན་པོ་ཆེ་དཔལ་ཡུལ་མ་དགོན་དུ་གདན་འདྲེན་ཞུས་ཡོད་པ་དང། ཟླ་འདིའི་ཕྱི་ཚེས་༣༡ བོད་ལུགས་ཟླ་༦ ཚེས་༤ ཆོས་འཁོར་དུས་ཆེན་ཉིན་གསེར་ཁྲིར་མངའ་གསོལ་ཞུ་རྒྱུ་ཡིན་འདུག
ཕྱི་ཟླ་༧ ཚེས་༢༨ ཉིན་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་ཆུང་སྲིད་རིན་པོ་ཆེ་དཔལ་ཡུལ་མ་དགོན་དུ་གདན་འདྲེན་ཞུས་ཡོད་པ་དང། ཟླ་འདིའི་ཕྱི་ཚེས་༣༡ བོད་ལུགས་ཟླ་༦ ཚེས་༤ ཆོས་འཁོར་དུས་ཆེན་ཉིན་གསེར་ཁྲིར་མངའ་གསོལ་ཞུ་རྒྱུ་ཡིན་འདུག
དེ་ཡང་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་གསུམ་པ་དང་རྒྱལ་བ་དཔལ་ཡུལ་དགོན་གྱི་གདན་རབས་བཅུ་གཅིག་པ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༠༩ ལོར་སྐུ་གཤེགས་པ་དང། ལོ་སྔོན་མའི་ནང་༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་དྭགས་པོར་འཁྲུངས་པ་དེ་ཡེ་ཤེས་དབྱིངས་གཟིགས་ཀྱིས་ངོས་འཛིན་མཛད་པ་བཞིན། དཔལ་ཡུལ་མ་དགོན་ནས་ངོས་འཛིན་སྐུ་བདག་གནང་ཞིང། སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་༢༥ པའི་སྐབས་སུ་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུ་པར་རྡོར་གདན་སྨོན་ལམ་ཆེན་མོ་ཚོགས་བཞིན་པའི་སྐབས་སུ་གདན་ཞུས་དང་འབྲེལ། བྱང་ཆུབ་ཤིང་དབང་དྲུང་གི་བཞུགས་ཁྲིར་བཞུགས་སུ་གསོལ་ཡོད་པ་རེད།
ད་ལན་དྭགས་པོར་འཁྲུངས་པའི་ཆུང་སྲིད་རིན་པོ་ཆེ་མཆོག་ཕྱི་ཟླ་༧ ཚེས་༢༨ ཉིན་ཕེབས་བསུ་ཞུ་བའི་སྐབས་ཐོག་མ་ཕེབས་བསུ་དང་པོ་ཞོགས་པ་ཆུ་ཚོད་༩ པའི་ཐོག་བཀྲ་ཤིས་པའི་རྟེན་འབྲེལ་དགེ་བའི་ས་ཕྱོགས་ཨ་བསོད་གཞི་མདོར་རབ་དཀར་ལྷ་རེག་དཀར་པོས་སྣེ་དྲངས་ཏེ་དགོན་གཞུང་གི་སྐུ་ཚབ་དང། བཤད་གྲྭའི་སྐུ་ཚབ། ཇོ་དགོན་གྱི་སྐུ་ཚབ། ལས་ཁང་ཁག མཉམ་ལས་སོ་སོའི་སྐུ་ཚབ་བཅས་ཀྱིས་རླངས་འཁོར་གྲལ་བསྒྲིགས་ནས་ཕེབས་བསུ་དང།
ཕེབས་བསུ་གཉིས་པ། ཉིན་གུང་ཆུ་ཚོད་དང་པོའི་ཐོག་ལྷ་བསངས་མཆོད་སྤྲིན་གྱིས་སྣ་དྲངས་ཏེ་ཨ་ཛི་ལུང་དུ་དགོན་ཁག་གི་སྐུ་ཚབ་དང་སྒེར་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང། ལམ་བར་དུ་མཁན་ཆེན་ཨ་ཁྱིག་རིན་པོ་ཆེ་མཆོག་གི་གདན་ས་ཡ་ཆེན་ཆོས་སྒར་ཆེན་མོའི་གྲྭ་བཙུན་རྣམས་ཀྱིས་སེར་ཕྲེང་གིས་ཕེབས་སུ་གཟབ་རྒྱས་ཞུས་ཤིང། མཁན་ཆེན་ཨ་ཁྱིག་རིན་པོ་ཆེ་མཆོག་གི་རྒྱལ་ཚབ་སྤྲུལ་སྐུ་ནམ་མཁའི་སྙིང་པོའམ། སྤུལ་སྐུ་ཨ་གསང་མཆོག་གིས་ཆུང་སྲིད་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།
ཕེབས་བསུ་གསུམ་པ། ཆུ་ཚོད་གསུམ་པའི་ཐོག་དགྲ་ལྷ་ཝེར་མའི་གྲོགས་དང་བཅས་གེ་སར་རྟ་སྒ་ཐང་ནས་འདོ་བ་རྟ་དང། འཕྲུལ་རྟ། རླངས་འཁོར་བཅས་གལ་བསྒྲིགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཞབས་སོར་འཁོད་ཡོད་པ་རེད།
ཕྱི་ཟླ་༧ ཚེས་༢༩ དང་༣༠ གཉིས་ལ་རིག་འདུས་གསོལ་ཀ་དང་རཏྣའི་ཚེ་ཆོག་གི་སྒོ་ནས་ཚོགས་བསྐང་དང། ཚེས་༣༡ ཆོས་འཁོར་དུས་ཆེན་ཉིན་དང། ཕྱི་ཟླ་༨ ཚེས་༡ བཅས་ཉིན་གཉིས་རིང་དངོས་གཞིའི་ཁྲི་སྟོན་གྱི་མཛད་སྒོ་དང་མཇལ་དར་སྒྲོན་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་དང། ཕྱི་ཟླ་༨ ཚེས་༢ ཉིན་གླུ་བྲོ་གར་གྱི་མཆོད་པ་འབུལ་རྒྱུ་བཅས་ཀྱི་མཛད་རིམ་ཡོད་འདུག
ད་ལན་ཁྲི་སྟོན་མཛད་སྒོ་འདིར་དཔལ་ཡུལ་བྱེས་ཀྱི་གདན་ས་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་ནས། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང། རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་མཁན་ཆེན་རྣམ་གསུམ། བརྟན་བཞུགས་ཚོགས་པའི་ཚོགས་མི་སོགས་ཕེབས་ཡོད་པ་དང། དེ་བཞིན་བོད་ནང་གི་དཔལ་ཡུལ་གྱི་ཆོས་བརྒྱུད་འཛིན་པའི་དགོན་ཁག་གི་སྐུ་ཚབ་རྣམས་དང། གཞན་ཡང་སྔ་འགྱུར་རྙིང་མ་པའི་གདན་ས་ཆེ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་མ་ཟད། ཁྲི་སྟོན་མཛད་སྒོ་འདིར་སེར་སྐྱ་མི་མང་ཧ་ཅང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་འདུག།།