གྲོས་ཚོགས་ཀྱིས་ས་ཁང་གི་སྒྲིག་གཞི་ཁག་ཅིག་མང་མོས་ཐོག་ནས་གཏན་འབེབས་གནང་སོང་།
ཟླ་༩ པའི་ཚེས་༡༥ ཉིན་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་༨ པའི་ཉིན། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ཁག་ཅིག་བསྐྱར་བཅོས་ཀྱིས་མང་མོས་ཐོག་ནས་གཏན་འབེབས་གནང་སོང་།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་བསྐྱར་བཅོས་གནང་རྒྱུའི་དགོས་དམིགས་གཙོ་བོ་ནི་འཛིན་སྐྱོང་ནས་སྒྲིག་གཞི་ཁག་དངོས་སུ་ལག་བསྟར་ཐུབ་ཐབས་དང་། དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱུང་བའི་ས་ཆ་རྣམས་གཞིས་སྐལ་མ་ཐོབ་པའམ། དགོས་མཁོ་ཅན། ལྷག་པར་དུ་བོད་ནས་ཕེབས་པའི་རྗེས་འབྱོར་བ་དང་མཐའ་མཚམས་སོགས་ཁ་ཐོར་དུ་གནས་པའི་བོད་མི་ཚོར་བགོ་འགྲེམས་ཐུབ་རྒྱུའི་ཆེད་དུ་ཡིན་པ་སོགས་གསུངས་སོང་།
དེ་ཡང་མས་མོས་རྒྱབ་སྐྱོར་ཐོག་བསྐྱར་བཅོས་བྱུང་བའི་སྒྲིག་གཞི་ཁག་ཅིག་ནི། དོན་ཚན་ལྔ་པའི་ནང་གསེས་དང་པོར། དེ་སྔ་ས་ཁང་ཐོབ་པའི་གཞིས་མིའམ། དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གནས་སྡོད་བྱེད་དགོས་པ་དང་། དེ་བཞིན་ ནང་གསེས་གཉིས་པའི་ཁ་པ་དོན་ཚན་༤ པའི་ནང་གསལ་གྱི་ས་ཁང་རྣམས་བོད་མི་ནང་ཁུལ་ནང་བཤུག་བྱེད་འདོད་ཡོད་རིགས་ཀྱིས། ཁང་ས་ནང་བཤུག་བྱ་རྒྱུར་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ལ་བཀའ་འཁྲོལ་ཞུ་ཆོག་པ་དང་། ཞིང་ས་ནང་བཤུག་བྱེད་པར་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གི་རྒྱབ་གཉེར་དང་བཅས་ནང་སྲིད་ལས་ཁུངས་ནས་བཀའ་འཁྲོལ་ཞུ་དགོས་ཞེས་བསྐྱར་བཅོས་གཏན་འབེབས་གནང་སོང་།
དེ་བཞིན་དོན་ཚན་དྲུག་པའི་ནང་གསེས་གཉིས་པར་སྒྲིག་གཞི་འདི་གཏན་འབེབས་གསལ་བསྒྲགས་བྱས་ཉིན་ནས་སྤྱིའི་བདེ་རྩའི་ཆེད་གཞུང་འབུལ་རིགས་ཕུད་དེ་མིན་གཞིས་མི་སུས་ཀྱང་ས་ཁང་མི་གཞན་ལ་ཚོང་བསྒྱུར་དང་། ཕྱི་མིར་ཁང་གླ་གཏོང་བའི་རིགས་གཏན་ནས་མི་ཆོག་ཅེས་དང་། ནང་གསེས་གཉིས་པ་སྟེ། གཞིས་མི་སུ་ཞིག་གིས་མི་གཞན་ལ་ས་ཁང་ཚོང་བསྒྱུར་བྱས་ཚེ། ས་གནས་ཡུལ་ཁྲིམས་དང་། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་བྱས་པའི་ཉེས་འཛུགས་བྱ་རྒྱུ། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་དངོས་ར་འཕྲོད་ན་འཛིན་སྐྱོང་ནས་ཉེས་འཛོལ་བྱེད་པོ་རྣམས་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་མཁན་དུ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང༌། ནང་མིར་རྒན་བྱིས་རོགས་རམ་དང༌། རྒྱབ་གཉེར་ཁག ཕྱི་རྒྱལ་ཁག་ཏུ་སྤྱི་སྒེར་གྱི་བསྐྱོད་རྒྱུར་དགོས་མཁོ་སྦྱོར་དགོས་བཅས་ཇི་ཡོད་བཀག་གཅོད་བྱ་རྒྱུ་ཞེས་བསྐྱར་བཅོས་གཏན་འབེབས་བྱས་སོང་། དེ་བཞིན་དོན་ཚན་༤ པ་བོད་མི་ནང་ཁུལ་གཞིས་སྐལ་ཐོབ་ཐང་མེད་མཁན་ནམ། དེབ་སྐྱེལ་ཡོད་པའི་དགོན་པ་གྲྭ་ཚང་ངམ། མཉམ་འབྲེལ། བོད་མིའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་འདུ་འགོད། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཚོགས་སྡེ་ཁག་ལ་ས་ཁང་ཕུལ་སྦྱིན་བྱ་རྒྱུ་ཡིན་ཚེ། གཉིས་མོས་གན་རྒྱའི་ཐོག་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་ནང་སྲིད་ལས་ཁུངས་ལ་བཀའ་འཁྲོལ་ཞུ་དགོས་ཞེས་གསར་འཇུག་གནང་སོང་།
དེ་བཞིན་དོན་ཚན་བདུན་པའི་ནང་གསེས་ཀ་ཡི་ནང་དུ། གཞིས་མི་སུ་ཞིག་གིས་རང་གི་སྡོད་ཡུལ་ཁང་པ་དང་། ས་ཞིང་རྣམས་བཙན་བྱོལ་བོད་མི་མིན་པའི་ཕྱི་མི་ལ་བོགས་གཏོང་མི་ཆོག ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་ཕྱི་མི་ལ་བོགས་གཏོང་བྱས་པ་ར་འཕྲོད་བྱུང་ཚེ། ཞིང་ས་ཇི་ཡོད་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གིས་རྩིས་ལེན་བྱས་ཏེ་དབུས་བོད་མིའི་ངལ་སེལ་ཚོགས་པར་འབུལ་དགོས་ཞེས་བསྐྱར་བཅོས་གཏན་འབེབས་གནང་འདུག
དོན་ཚན་དགུ་པ་གནས་སྐབས་གཞིས་ཐོན་ཞེས་པའི་ཁོངས་སུ་ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གཞིས་ཆགས་དེར་གནས་སྡོད་མ་བྱེད་ཚེ་གཏན་འཇགས་གཞིས་ཐོན་དུ་ངོས་འཛིན་གྱིས་གཞིས་སྐལ་ཐོབ་ཐང་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་དབུས་བོད་མིའི་འགོ་འཛིན་ནས་སྡོད་ངལ་སེལ་ཚོགས་པར་རྩིས་འབུལ་བྱ་དགོས་ཞེས་བསྐྱར་བཅོས་གཏན་འབེབས་གནང་འདུག
ཐེངས་འདིར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ལྔ་པའི་ནང་གསེས་ ༡ པོ། ནང་གསེས་ ༢ པའི་ཀ་དང་། ཁ དོན་ཚན་དྲུག་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བདུན་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་དགུ་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། ནང་གསེས་ ༦ པ། དོན་ཚན་བཅུ་པའི་ནང་གསེས་ ༥ པ་དང་། ནང་གསེས་ ༦ པ། ནང་གསེས་ ༧ པ། དོན་ཚན་བཅུ་གཅིག་པའི་ནང་གསེས་ ༡ པོ། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། དོན་ཚན་བཅུ་གཉིས་པའི་ནང་གསེས་ནང་གསེས་ ༡ པོ་དང་། ནང་གསེས་ ༣ པ། ནང་གསེས་ ༤ པ། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པ། དོན་ཚན་བཅུ་བཞི་པའི་ནང་གསེས་ ༥ པ་བཅས་ཀྱི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ་དང་། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། དེ་རྗེས་བརྗོད་པ་གཉིས་པའི་ཐོག་ནས་རིམ་པས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། མང་མོས་ཐོག་གཏན་འབེབས་གནང་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།