གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༦ པར་ལྷན་ཁང་ཁག་གསུམ་གྱི་ལས་བསྡོམས་སྙན་སྒྲོན་དང་སྤྱི་ཡོངས་བགྲོ་གླེང་གནང་།

ཟླ་འདིའི་ཚེས་༡༧ ་ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༦ པ་དེ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད། ཕྱི་ཚེས་༡༤ ཉིན་གྱི་འཕྲོ་མུ་མཐུད་ཕྱིན་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས་སློབ་གྲྭ་ཁག་གི་ནང་དགེ་རྒན་ལེགས་པོ་དགོས་པ་དང་ཆོད་གན་ཐོག་ཡོད་པའི་དགེ་རྒན་གྱི་གྲངས་འབོར་ཉུང་དུ་གཏོང་དགོས་པ། བོད་ཕྲུག་ཚོའི་བོད་ཡིག་གི་གནས་ཚད་ཧ་ཅང་ཞན་པས་དེར་བསྐྱར་ཞིབ་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་པ་དང་དོགས་དྲི་གནང་བར། དཔལ་ལྡན་ཤེས་རིག་བཀའ་བློན་གྱི་ལས་ཚབ་སྲིད་སྐྱོང་གིས་ཕྱི་རྒྱལ་ཁག་ཏུ་གཟའ་མཇུག་སློབ་གྲྭ་༩༢ ཡོད་པ་སོགས་ཀྱི་ལན་འདེབས་གསལ་བཤད་གནང་ནས་དེ་རིང་ཚོགས་ཐུན་གཉིས་པའི་ཐོག་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གྲུབ་སོང་།

དེའི་རྗེས་བདེ་སྲུང་བཀའ་བློན་གྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༣-༢༠༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་རྗེས། སྙན་ཐོའི་ནང་གསལ་གྱི་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གནང་རྗེས། བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀག་ཤག་གི་ལན་འདེབས་གསལ་བཤད་གནང་བའི་ལས་རིམ་ཐོག་ཕེབས་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས་དེ་སྔར་༧གོང་ས་མཆོག་གིས་དཔལ་རྒྱལ་བ་ཀརྨ་པ་དང་གླིང་རིན་པོ་ཆེ་རྣམ་གཉིས་ལ་མ་འོངས་པར་ང་མེད་ན། ཁྱེད་རྣམ་པས་འགན་འཁྱེར་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་ལྟར། ད་ལྟའི་༧གོང་ས་མཆོག་གི་དགུང་ལོའི་བབས་དང་གནས་སྟངས་གང་ལ་གཟིགས་ནའང། མ་འོངས་པར་བསྟན་པ་སྤྱི་དང་འཐབ་རྩོད། བོད་ཕྱི་ནང་གཉིས་ཀྱི་འབྲེལ་མཐུད་པ་ཞིག་དམིགས་འཛུགས་དགོས་པ། དཔལ་༧རྒྱལ་བ་ཀརྨ་པ་མཆོག་གི་གསང་བ་གསུམ་གྱི་གཟི་བརྗིད་དང་ཡོན་ཏན། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་དད་པ་དམ་ཚིག འཛམ་གླིང་ས་ཕྱོགས་གང་སར་ནས་གཞོན་རབས་ཚོས་ཁོང་གི་བཀའ་སློབ་དང་ལམ་སྟོན་ལ་གདེང་འཇོག་ཡོད་པས་ཁོང་ཚུར་ཕེབས་པར་ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཀྱིས་འགན་བཞེས་དགོས་པ།

༧གོང་ས་མཆོག་གི་སྐུ་ཕྱ་ལས་གལ་ཆེ་བ་ཞིག་མེད་པས་ཁོང་གི་སྐུ་ཕྱ་ལ་ཐུག་ན་བཟོད་བསྲན་ཀླད་ཀློར་དགོས་པ། གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་བྱུང་དུས། དེ་རྙོག་གླེང་ཡོད་པའི་ཆོས་ལུགས་དང་ལྟ་བ་ལངས་ཕྱོགས། ཆོལ་ཁ་སོགས་ཀྱི་ཐོག་ལ་འཁྲིད་མི་རུང་བ་དང་། དེ་འདྲ་འཁྲིད་མཁན་དག་གིས་མགོན་པོ་གང་ཉིད་ཀྱི་སྐུ་ཕྱ་ལ་སྣང་མེད་དང་རྩེད་མོ་རྩེ་ཡི་ཡོད་པས་མི་དེ་དག་ནི་མཚན་སྨད་ཞུ་མཁན་ལས་སྡུག་པ་ཡིན་པ། ཉེ་ལམ་བོད་མི་ཞིག་གིས་སྤྱི་ཚོགས་བརྒྱུད་ལམ་ཞིག་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་པས་བོད་མི་ཁོ་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་དང་། ཁོ་ལ་ཞིབ་འཇུག་དང་རྩད་གཅོད་དགོས་པ། ཨོ་གླིང་གཞིས་སྤོའི་ལས་གཞི་སླར་གསོ་བྱུང་མིན། དེ་བཞིན་དང་བླང་དམག་སྒར་ནང་གསར་ཞུགས་བྱེད་རྒྱུ་གལ་ཆེ་བ་དང་བུད་མེད་རུ་ཁག་ཨང་༣༤ པ་སླར་གསོ་དགོས་པ། བོད་ལ་གཉེན་འཕྲད་འགྲོ་མཁན་མང་དུ་འགྲོ་བཞིན་ཡོད་པ་སོགས་ཀྱིས་དགོངས་ཚུལ་གསུངས་པ་དང་དོགས་དྲི་ཕུལ་བར། བདེ་སྲུང་བཀའ་བློན་མཆོག་གིས་དཔལ་རྒྱལ་བ་ཀརྨ་པའིདགོངས་པ་ལྟར་བདེ་སྲུང་གིས་གོམ་པ་སྤོ་བཞིན་ཡོད་པ་དང་། ཀརྨ་པའི་གནད་དོན་ནི་ཆོས་བརྒྱུད་གཅིག་གི་གནད་དོན་ཙམ་མིན་པར་བོད་སྤྱིའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། དེ་བཞིན་བོད་ལ་གཉེན་འཕྲད་དུ་ཕེབས་མཁན་དང་འབྲེལ་འཛིན་སྐྱོང་གིས་ལམ་སྟོན་ཡིག་ཆ་གཏན་འབེབས་བྱུང་ཡོད་པ། བོད་ལ་ཕེབས་མཁན་ཚོས་མ་ཕེབས་གོང་འབྲེལ་ཡོད་ལ་སྙན་གསན་ཞུ་ཐུབ་ན། མ་འོངས་པར་རྒྱ་གཞུང་དང་འབྲེལ་བའི་དོགས་ཡོད་མི་སྣ་ཞིག་གྱུར་ན། འཛིན་སྐྱོང་གིས་རྒྱབ་གཉེར་འབུལ་ཐུབ་ཀྱི་རེད་ཅེས་གསུངས་སོང་། ཉེ་ལམ་བོད་མི་ཞིག་གིས་རང་བཙན་རྩོད་དགོས་ཀྱི་ཡོད་ན། ༧གོང་ས་མཆོག་བཀྲོངས་དགོས་པ་དང་བོོོད་མིའི་སྒྲིག་འཛུགས་མེད་པ་བཟོ་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་དང་། བདེ་སྲུང་གི་ངོས་ནས་བྱ་སྤྱོད་དེ་(Criminal act/ Criminal offense) ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། གཞན་ཡང་ཨོ་གླིང་གི་གཞིས་སྤོའི་ལས་གཞི་སླར་གསོ་བྱུང་བའི་སྐོར་སོགས་ལ་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བའི་ལས་རིམ་ལེགས་པར་གྲུབ་སོང་ལ། དེའི་རྗེས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་༢༠༢༣-༢༠༢༤ ལོའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན། སྙན་ཐོའི་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས། ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀག་ཤག་གི་ལན་འདེབས་གསལ་བཤད་གནང་བཞིན་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

ཁྱེད་ཀྱིས་གཟིགས་མེད་སྲིད།