བུད་མེད་བཀའ་བློན་གསུམ་ལ་འོས་ཐོབ་པ་དང་གཉིས་ལ་འོས་གྲངས་མ་ལོན། གཉིས་གནས་སྐབས་ཕྱིར་འཐེན།
ཟླ་འདིའི་ཚེས་༡༡ ཉིན་གྱི་ཕྱི་དྲོར་དྷ་ས་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐབས་༡༦ པའི་བཀའ་ཤག་གི་བཀའ་བློན་འོས་མི་ངོ་སྤྲོད་བྱས་པ་དང་། བུད་མེད་བཀའ་བློན་གསུམ་འོས་འདེམས་ཐུབ་ཡོད་ནའང་། འོས་མི་གཉིས་ལ་དགོས་ངེས་ཀྱི་འོས་གྲངས་མ་ལོངས་བ་དང་། འོས་མི་དྲུག་པ་དེར་གྲོས་ཚོགས་ནང་དགག་པ་བརྒྱབ་ནས་ཚོགས་འདུའི་གྲུབ་ཆ་མ་ལོངས་ནས་ཉིན་དེའི་གྲོས་ཚོགས་མཇུག་སྐྱོང་ཐུབ་མ་སོང་ཡང་། ཕྱི་ཉིན་མུ་མཐུད་ལས་རིམ་མཇུག་སྐྱོང་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༡ ཉིན་གྱི་ཕྱི་དྲོར་དྷ་ས་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐབས་༡༦ པའི་བཀའ་ཤག་གི་བཀའ་བློན་འོས་མི་ངོ་སྤྲོད་བྱས་པ་དང་། བུད་མེད་བཀའ་བློན་གསུམ་འོས་འདེམས་ཐུབ་ཡོད་ནའང་། འོས་མི་གཉིས་ལ་དགོས་ངེས་ཀྱི་འོས་གྲངས་མ་ལོངས་བ་དང་། འོས་མི་དྲུག་པ་དེར་གྲོས་ཚོགས་ནང་དགག་པ་བརྒྱབ་ནས་ཚོགས་འདུའི་གྲུབ་ཆ་མ་ལོངས་ནས་ཉིན་དེའི་གྲོས་ཚོགས་མཇུག་སྐྱོང་ཐུབ་མ་སོང་ཡང་། ཕྱི་ཉིན་མུ་མཐུད་ལས་རིམ་མཇུག་སྐྱོང་བྱས་ཡོད་པ་རེད།
དེ་ཡང་ཐོག་མར་བཀའ་བློན་འོས་མི་ཚང་མར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་གིས་དགག་པ་བརྒྱབ་པ་དང་། དེ་ཡང་འདས་པ་ནས་ད་ལྟའི་བར་གནས་ཚུལ་བསླེབས་པ་རེད། སོ་སོར་སྲིད་སྐྱོང་ལ་ཡིད་ཆེས་བསླེབས་མ་ཐུབ་པ་དང་། འོས་མི་ཚོ་ཡང་སྦྱང་པའི་སློབ་སྦྱོང་ཡོད་ཀྱི་རེད་དེ། རྣམ་དཔྱོད་བཏོན་ནས་སྲིད་སྐྱོང་ལ་ལམ་སྟོན་བྱེད་ཐུབ་མཁན་གཅིག་ཀྱང་མ་བྱུང་བས། དགག་པ་རྒྱག་གི་ཡོད་ཅེས་བརྗོད་ཡོད་པ་རེད།
བཀའ་བློན་འོས་མི་ནོར་འཛིན་སྒྲོལ་མར་སྤྱི་འཐུས་༤༥ ལས་འོས་གྲངས་༢༧ ཐོབ་པ་དང་། བཀའ་བློན་འོས་མི་ཐར་ལམ་སྒྲོལ་མ་སྤྱི་འཐུས་དགེ་བཤེས་བློ་བཟང་ཕན་བདེས་དགག་པ་རྒྱག་སྐབས། འོས་མི་ཁོང་གིས་དེ་སྔོན་བཙན་བྱོལ་བོད་མིའི་དཔྱ་ཁྲལ་ལག་དེབ་ཀྱི་ཕོགས་ཐོབ་ཀྱི་བརྒྱ་ཆ་ཞིག་སྤྲད་དགོས་པ་དེ་སྤྲད་མེད་སྐོར་བརྗོད་སོང་ལ། སྲིད་སྐྱོང་གིས་ཕོགས་ཐོབ་ཀྱི་དཔྱ་དངུལ་འབུལ་ཆད་ཡོད་མེད་ལ་ཞིབ་ཚགས་ལྟ་རྒྱུ་བྱུང་མ་སོང་། ད་སྔ་བར་སྤྱི་ཚོགས་ནང་ལབ་གླེང་ཡོད་པའི་གནས་ཚུལ་གོ་མ་སོང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་ནང་ཐོན་པ་དེ་འདྲ་མིན་སྐོར་འགྲེལ་བརྗོད་གནང་རྗེས། འོས་མི་ཐར་ལམ་སྒྲོལ་མར་སྤྱི་འཐུས་༤༥ ལས་འོས་གྲངས་༢༧ ཐོབ་པ་དང་། འོས་མི་རྒྱ་རི་སྒྲོལ་མར་སྤྱི་འཐུས་༤༥ ལས་འོས་གྲངས་༣༠ ཐོབ་ནས་ཁོང་གསུམ་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།
འོས་མི་ཐུབ་བསྟན་ལུང་རིགས་ལ་སྤྱི་འཐུས་༤༥ ལས་འོས་གྲངས་༡༨ ལས་མ་ཐོབ་པ་དང་། འོས་མི་ཚུལ་ཁྲིམས་རྡོ་རྗེ་ལ་སྤྱི་འཐུས་༤༥ ལས་འོས་གྲངས་༡༣ ལས་མ་ཐོབ་པས་ཁོང་གཉིས་བཀའ་བློན་དུ་འདེམས་ཐུབ་མེད་པ་རེད།
འོས་མི་དངོས་གྲུབ་རྗེ་ལ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་དགག་པ་རྒྱག་སྐབས། འདི་ལོའི་ཕྱི་ཟླ་༣ པའི་རྗེས་ཀྱི་གྲོས་ཚོགས་འཕར་མ་འཚོགས་རྒྱུར་དགོག་རྐྱེན་བཟོ་ཐབས་སོགས་ཀྱི་གཏམ་བཤད་གནང་མྱོང་བས། བཀའ་བློན་འོས་མིར་ཁྲིད་ཡོང་བ་དེར་དགག་པ་ཡོད་སྐོར་བརྗོད་ནས་གྲོས་ཚོགས་ནང་ནས་ཕྱི་ལ་སོང་བ་དང་། མདོ་སྟོད་སྤྱི་འཐུས་ཁག་ཅིག་དང་ཆོས་བརྒྱུད་སྤྱི་འཐུས་ཁག་ཅིག་ཀྱང་ཕྱི་ལ་མཉམ་དུ་སོང་བར་བརྟེན། ཚོགས་འདུའི་གྲུབ་ཆ་མ་ཚང་བར་ཚོགས་འདུ་གྲོལ་དགོས་ཁེལ་ཡོད་པ་རེད།
ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོར་སྔ་ཉིན་གྱི་ཚེས་༡༡ ཉིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པའི་ཆ་རྐྱེན་དང་འབྲེལ་ནས་ཁྲིམས་འཆར་བསྐྱར་བཅོས་ཤིག་ཡོད་པ་དང་། སྐབས་དེར་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་གི་གྲོས་ཆོད་ཨང་༣༩ པ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་དང་འབྲེལ་ནས་གླེང་སློང་བྱུང་སྐབས། ཚོགས་གཙོས་གནད་དོན་དེ་ཟུར་བཅད་ཅིག་དགོས་པ་ཚོགས་གཙོ་གཞོན་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་ལྟར་གྲོས་ཆོད་ཨང་༣༩ པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཡོད་ནའང་། མདོ་སྨད་སྤྱི་འཐུས་དང་དབུས་གཙང་སྤྱི་འཐུས་ཁག་ཅིག་ཚོགས་བཅར་མ་བྱས་པས་དགོས་ངེས་ཀྱི་གྲུབ་ཆ་མ་ལོངས་ནས་འཚོགས་ཐུབ་མ་སོང་། ཆུ་ཚོད་༡༡།༡༥ ཐོག་ཉིན་གཉིས་པའི་ལས་རིམ་མུ་མཐུད་འཚོགས་པ་དང་། སྔ་ཉིན་གྱི་ལས་རིམ་བཀའ་བློན་འོས་བསྡུའི་མཚམས་སུ་བསླེབས་དུས། བཀའ་བློན་འོས་མི་གཉིས་ལྷག་ཡོད་པ་ལས། འོས་མི་དངོས་གྲུབ་རྡོ་རྗེར་དགག་པ་བྱུང་བ་དང་བརྟེན་ནས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་པར་བརྟེན། ཚོགས་གཙོས་བསྐྱར་དུ་འོས་མི་མཐའ་མ་དེ་སྔོན་ལ་གཏོང་རོགས་ཞེས་སྲིད་སྐྱོང་ལ་བརྗོད་ཡོད་ནའང་། སྲིད་སྐྱོང་གིས་དེར་ངོ་ལེན་མ་བྱས་པར་གནས་སྐབས་རིང་འོས་མི་གཉིས་ཀ་ཕྱིར་འཐེན་ཡིན། རྗེས་མར་གྲོས་ཚོགས་ནང་ཁྱེར་ཡོང་སྐབས་དེ་ལྟར་མ་གནང་རོགས་ཞེས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།