གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་ལ་བསྐྱར་དུ་ཉེས་འཛུགས་བྱས་འདུག

ལས་ཡུན་འཁྱུར་ལ་ཉེ་བའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ། གྲོས་ཚོགས་འོག་མས་ཨ་རིའི་གྲོས་ཚོགས་སུ་གྱེན་ལངས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་བྱས་འདུག་པ་དང་། ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་ཞིག་ལ་ཉེས་འཛུགས་ཐེངས་གཉིས་བྱས་པ་ཐོག་མ་དེ་ཆགས་འདུག འོན་ཀྱང་ལས་ཡུན་མ་རྫོགས་སྔོན་ཁོང་གནས་དབྱུང་གཏོང་ཐུབ་རྒྱུ་ཁག་པོ་ཡིན་འདུག 

 ལས་ཡུན་འཁྱུར་ལ་ཉེ་བའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ། གྲོས་ཚོགས་འོག་མས་ཨ་རིའི་གྲོས་ཚོགས་སུ་གྱེན་ལངས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་བྱས་འདུག་པ་དང་། ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་ཞིག་ལ་ཉེས་འཛུགས་ཐེངས་གཉིས་བྱས་པ་ཐོག་མ་དེ་ཆགས་འདུག འོན་ཀྱང་ལས་ཡུན་མ་རྫོགས་སྔོན་ཁོང་གནས་དབྱུང་གཏོང་ཐུབ་རྒྱུ་ཁག་པོ་ཡིན་འདུག 

ཟླ་༡ པོའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། དྲག་པོའི་ཐོག་ནས་གྲོས་ཚོགས་ཁང་དུ་བཙན་འཛུལ་བྱས་ནས་གྱེན་ལངས་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱི་དང་ཨ་རིའི་འགོ་ཁྲིད་མང་པོས་གནད་དོན་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཁར། མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་ཀྱི་ལས་འགུལ་དེ་བརྒྱུད་སྐུལ་བྱེད་མཁན་ནི་སྲིད་འཛིན་ཊོམ་ཡིན་པ་དང་། དེ་ཡང་གནད་དོན་དེ་མ་ལྷག་པའི་སྔོན་ལ། ཁོང་གིས་རྒྱབ་སྐྱོར་བ་ཚོར་གྲོས་ཚོགས་སུ་ངོ་རྒོལ་བྱེད་དགོས་པ་དང་། གྲོས་ཚོགས་ནས་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་པའི་ངོས་འཛིན་རྒྱབ་སྐྱོར་བྱེད་དུ་བཅུག་མི་རུང་བའི་གཏམ་བཤད་སྤེལ་ཡོད་པ་རེད།

དྲག་པོའི་གྱེན་ལངས་ཀྱི་གནད་དོན་དེ་ལྷག་རྗེས་མང་གཙོ་ཚོགས་པའི་འགོ་ཁྲིད་རྣམས་མ་ཟད། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་ཀྱང་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་པ་དང་། སྲིད་འཛིན་ཊོམ་ལ་ཡང་སྐྱོན་བརྗོད་བྱས་ཡོད་པ་རེད། དེའི་རྗེས་སུ་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་དང་ཚོགས་མི་རྣམས་ཀྱིས་སྲིད་འཛིན་ཊོམ་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་ནས། གྲོས་ཚོགས་འོག་མ་ནས་ཁོང་ལ་ཉེས་འཛུགས་ཀྱི་ལས་དོན་འགོ་བཙུགས་ཡོད་པ་དང་། སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཐེངས་དང་པོ་དེར་ཟླ་བ་གསུམ་ལྷག་འགོར་ཡོད་ཀྱང་། ཐེངས་འདིར་བདུན་ཕྲག་གཅིག་ནང་སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱས་ཐུབ་ཡོད་པ་རེད།

དེ་ཡང་གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་གྱིས་འོས་བསྡུའི་གྲུབ་འབྲས་འགྱུར་ལྡོག་གཏོང་ཆེད་དུ། ཨ་རིའི་གཞུང་ལ་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་ཡོད་པ་དང་། ཁོང་ལས་གནས་ནས་གནས་དབྱུང་བཏང་ནས། མ་འོངས་པར་གཞུང་གི་ལས་གནས་སུ་ལས་འཁུར་ནམ་ཡང་བྱེད་མི་ཆོག་པ་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་འདུག དེ་ཡང་ཉེས་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འོག་མའི་འཐུས་མི་༢༣༢ བྱུང་འདུག་པ་དང་། དགག་བྱ་བྱེེད་མཁན་༡༩༧ བྱུང་ནས་མང་མོས་ཀྱིས་སྲིད་འཛིན་ཁོང་ལ་ཉེས་འཛུགས་ཐེངས་གཉིས་པ་དེ་བྱས་འདུག དེ་ཡང་དེ་སྔོན་དང་མི་འདྲ་བར་ཐེངས་འདིར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༡༠ ཡིས་སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་འདུག དེའི་ཁོངས་ནས་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཀྱང་ཡོད་པ་རེད་འདུག ཁོང་ནི་དེ་སྔོན་བྷུ་ཤེ་སྲིད་གཞུང་སྐབས་ཀྱི་སྲིད་འཛིན་གཞོན་པ་ཟུར་པའི་བུ་མོ་ཡིན་འདུག 

གྲོས་ཚོགས་འོག་མ་ནས་སྲིད་འཛིན་ལ་ཉེས་འཛུགས་བྱས་ཟིན་པས། གྲོས་ཚོགས་གོང་མའི་ནང་དུ་ཉེས་འཛུགས་དེའི་ཐོག་ཉན་ཞིབ་ལས་རིམ་འགྲོ་དགོས་ཀྱི་ཡོད་པ་དང་། མཐའ་མའི་ཐག་གཅོད་དུ་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་སྲིད་འཛིན་ཊོམ་གྱིས་ནག་ཉེས་བསགས་ཡོད་པའི་མང་མོས་འོས་ཤོག་འཕངས་ཚེ་ཊོམ་གནས་དབྱུང་གཏོང་གི་ཡོད་ཁར། མ་འོངས་པར་གཞུང་གི་ལས་གནས་ཐོག་ཏུ་ནམ་ཡང་ལས་འཁུར་བྱེད་ཆོག་གི་མེད་འདུག འོན་ཀྱང་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གྱི་དམ་འབུལ་ཉིན་མོ་སླེབས་རྒྱུར་བདུན་ཕྲག་གཅིག་ལས་མེད་པས། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཀྱིས་ཉན་ཞིབ་ཀྱི་ལས་རིམ་དེ་དུས་ཚོད་ཐུང་ཐུང་དེའི་ནང་འགྲོ་ཐབས་མེད་པ་དང་། དུས་ཐུང་དེའི་ནང་སྲིད་གཞུང་འཕོ་འགྱུར་གྱི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་དམིགས་དགོས་པས། རྗོ་བྷའེ་ཌན་གྱིས་ལས་འཁུར་འགོ་བཙུགས་ཟིན་པའི་རྗེས་སུ་ཉན་ཞིབ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག་པས། སྐབས་དེར་སྲིད་འཛིན་ཊོམ་གྱི་ལས་ཡུན་རྫོགས་ཟིན་གྱི་ཡོད་པས་གནས་དབྱུང་གཏོང་ཐབས་མེད་ཀྱང་། གལ་ཏེ་ཁོང་ལ་གྲོས་ཚོགས་གོང་མ་ནས་ནག་ཉེས་ར་སྤྲོད་བྱས་ཚེ་མ་འོངས་པར་གཞུང་གི་ལས་གནས་སུ་ལས་འཁུར་བྱེད་མི་ཆོག་པ་ཆགས་རྒྱུ་ཡིན་འདུག འོན་ཀྱང་དེ་ལྟར་བྱུང་བ་ལ་གྲོས་ཚོགས་གོང་མའི་ནང་དུ་སྤྱི་མཐུན་ཚོགས་མི་འཐུས་མི་༡༧ གྱིས་ཊོམ་ལ་ཁ་གཏད་ཀྱི་འོས་ཤོག་འཕེན་དགོས་ཀྱི་འདུག་པས། དེ་འདྲ་འབྱུང་སྲིད་མིན་ཚོད་དཔག་བྱེད་དཀའ་བ་རེད་འདུག 

གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཀྱིས་ཡོངས་གྲགས་སུ་སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཡོད་པ་བརྗོད་ཟིན་ཀྱང་། ཉན་ཞིབ་ཀྱི་རྗེས་སུ་འོས་ཤོག་གང་འདྲ་འཕེན་རྒྱུ་ཡིན་མིན་སྐོར་གསལ་བསྒྲགས་བྱས་མེད་འདུག དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན་ཁོང་གིས་སྤྱི་མཐུན་ཚོགས་པ་ནང་སྲིད་འཛིན་ཊོམ་གྱི་ཤུགས་རྐྱེན་མེད་པ་བཟོ་འདོད་ཆེན་པོ་བྱེད་ཀྱི་ཡོད་འདུག 

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་མུ་མཐུད་ནས་སྲིད་འཛིན་ཊོམ་སྲུང་སྐྱོབ་བྱེད་བཞིན་འདུག་པ་དང་། ཉེས་འཛུགས་ཀྱི་ལས་དོན་དེར་དགག་བྱ་ཆེན་པོ་བྱས་འདུག ད་ལྟའི་གནས་སྟངས་ལ་གཞིགས་ན་རྗོ་བྷའེ་ཌན་གྱི་དམ་འབུལ་རྗེས་སུ་གྲོས་ཚོགས་གོང་མའི་ནང་དུ་ཉན་ཞིབ་འགྲོ་སྲིད་པ་རེད་འདུག 

དེ་སྔོན་ཕྱི་ལོ་༢༠༡༩ ལོར་གྲོས་ཚོགས་འོག་མའི་ནང་དུ། སྲིད་འཛིན་ཊོམ་གྱིས་དབང་ཆ་ལོག་སྤྱོད་དང་། གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་བཅས་ཉེས་འཛུགས་དོན་ཚན་གཉིས་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་དུ་ཁོང་གི་ནག་ཉེས་ར་སྤྲོད་བྱེད་པའི་ལས་དོན་ལ་མང་མོས་རྒྱབ་སྐྱོར་ཐོབ་མེད་པས་གནས་དབྱུང་གཏོང་ཐུབ་མེད་པ་རེད།

ཨ་རིའི་ལོ་རྒྱུས་ནང་ད་བར་སྲིད་འཛིན་ཊོམ་གྱི་སྔོན་ལ་སྲིད་འཛིན་གཉིས་ལ་གྲོས་ཚོགས་འོག་མ་ནས་ཉེས་འཛུགས་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མ་ནས་ཉེས་སེལ་བྱས་ཡོད་པ་དང་། སྲིད་འཛིན་གཅིག་གྲོས་ཚོགས་འོག་མའི་ནང་ཁོང་ལ་ཉེས་འཛུགས་ཆེད་དུ་འོས་ཤོག་ལས་རིམ་མ་འགྲོ་བའི་སྔོན་ཚུད་ནས་རྩ་དགོངས་ཞུས་ཡོད་འདུག འོན་ཀྱང་སྲིད་འཛིན་གཅིག་ལ་ཉེས་འཛུགས་ཐེངས་གཉིས་བྱས་པ་ཐོག་མ་སྲིད་འཛིན་ཊོམ་ཆགས་ཡོད་པ་རེད།།

 

གསར་འགོད་པ་སྐལ་བཟང་དོན་གྲུབ། 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།