གྲོས་ཚོགས་རྐུབ་སྟེགས་༥༤༣ ནས་༣༠༣ བྷི་ཇི་བྷི་ལ་ཐོབ་འདུག

རྒྱ་གར་མི་མང་གིས་སྲིད་བློན་མཱོ་དྷི་དང་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་འོས་ཤོག་འཕངས་འདུག་པས། གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཆགས་ཡོད་ཁར། མང་མོས་ཀྱི་དགོས་ངེས་རྐུབ་སྟེགས་ཚད་གཞི་ལས་བརྒལ་ནས་ཐེངས་གཉིས་པའི་གཞུང་འཛིན་ཚོགས་པ་ཆགས་ཡོད་པ་རེད། ཕྱོགས་འགལ་ཚོགས་པ་གཙོ་བོ་ཀོང་རི་སེར་ཕམ་ཁ་ཆེན་པོ་བྱུང་ནས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་རཱ་ཧུལ་གྷན་དྷི་ཡི་ནུས་པར་དོགས་འདྲི་ཆེན་པོ་ཞིག་སླེབས་བཞིན་འདུག

རྒྱ་གར་མི་མང་གིས་སྲིད་བློན་མཱོ་དྷི་དང་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་འོས་ཤོག་འཕངས་འདུག་པས། གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཆགས་ཡོད་ཁར། མང་མོས་ཀྱི་དགོས་ངེས་རྐུབ་སྟེགས་ཚད་གཞི་ལས་བརྒལ་ནས་ཐེངས་གཉིས་པའི་གཞུང་འཛིན་ཚོགས་པ་ཆགས་ཡོད་པ་རེད། ཕྱོགས་འགལ་ཚོགས་པ་གཙོ་བོ་ཀོང་རི་སེར་ཕམ་ཁ་ཆེན་པོ་བྱུང་ནས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་རཱ་ཧུལ་གྷན་དྷི་ཡི་ནུས་པར་དོགས་འདྲི་ཆེན་པོ་ཞིག་སླེབས་བཞིན་འདུག

ཟླ་༤ པའི་ཚེས་༡༡ ནས་ཟླ་༥ པའི་ཚེས་༡༩ བར་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ལས་རིམ་སྤེལ་ཡོད་པ་དང་། དེ་ཡང་འོས་བསྡུའི་རིམ་པ་བདུན་པ་དེ་ཟླ་༥ པའི་ཚེས་༡༩ ཉིན་མཇུག་བསྒྲིལ་རྗེས། ཟླ་༥ པའི་ཚེས་༢༣ ཉིན་འོས་གྲངས་རྩིས་བཤེར་བྱེད་འགོ་བཙུགས་པ་དང་བསྟུན། འོས་བསྡུའི་ས་ཚིགས་ཁག་ནས་འོས་གྲངས་གསལ་བསྒྲགས་དུས་མཉམ་དུ་བྱས་ཡོད་པ་དང་། ཉིན་དེའི་ཉིན་གུང་ཙམ་ནས་གཞུང་འཛིན་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་༣༠༠ ལྷག་ལ་འོས་གྲངས་མང་ཤོས་ཐོབ་བཞིན་ཡོད་པས། རྒྱལ་ཁ་ཐོབ་རྒྱུ་ཡིན་པ་ངེས་གཏན་ཆགས་ཡོད་པ་ལྟར། ཟླ་༥ པའི་ཚེས་༢༤ ཉིན་འོས་གྲངས་རྩིས་བཤེར་ཡོངས་སུ་གྲུབ་ཟིན་རྗེས། སྲིད་བློན་མཱོ་དྷི་ཡི་འགོ་ཁྲིད་པའི་བྷི་ཇི་བྷི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་༣༠༣ ཐོབ་ནས་སྐབས་སྔོན་མའི་འོས་བསྡུའི་སྐབས་སུ་རྐུབ་སྟེགས་༢༨༢ ཐོབ་པ་དང་བསྡུར་ན་རྐུབ་སྟེགས་༢༡ མང་དུ་ཕྱིན་ཡོད་པ་རེད། གཞུང་འཛིན་ཚོགས་པ་བྱེད་པར་གྲོས་ཚོགས་ནང་རྐུབ་སྟེགས་གྲངས་༢༧༢ ཐོབ་དགོས་ཀྱི་ཡོད་པས། བྷི་ཇི་བྷི་སྲིད་དོན་ཚོགས་པས་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ལས་བརྒལ་ཡོད་པ་རེད། དེ་བཞིན་བྷི་ཇི་བྷི་དང་དེའི་ཟླ་སྒྲིལ་སྲིད་དོན་ཚོགས་པའི་རྐུབ་སྟེགས་ཁྱོན་བསྡོམས་བྱས་ན་རྐུབ་སྟེགས་༣༥༠ ལྷག་ཐོབ་པ་དང་། གྲོས་ཚོགས་ནང་གི་རྐུབ་སྟེགས་༥༤༣ ནས་བརྒྱ་ཆ་༥༠ ལས་མང་བ་ཁོ་ཚོར་ཐོབ་ཡོད་པས། ཕྱོགས་འགལ་ཚོགས་པ་ཚོས་གཞུང་འཛིན་ཚོགས་པར་གྲོས་ཚོགས་ནང་གི་ཐག་གཅོད་མང་པོ་ཞིག་ལ་དགག་བྱ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་རེད།

ཕྱོགས་འགལ་སྲིད་དོན་ཚོགས་པ་ཆེ་ཤོས་ཀོང་རི་སཱེར་གྲོས་ཚོགས་ཀྱི་རྐུབ་སྟེགས་༥༢ ཐོབ་འདུག་པ་དང་། སྐབས་སྔོན་མའི་འོས་བསྡུ་སྐབས་སུ་རྐུབ་སྟེགས་༤༤ ཐོབ་པ་དང་བསྡུར་ན་གྲངས་༨ ཡིས་འཕར་འདུག་ཀྱང་། ཐེངས་འདིའི་འོས་བསྡུའི་དྲིལ་བསྒྲགས་སོགས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རྒྱལ་ཁ་ཐོབ་རྒྱུའམ་རྐུབ་སྟེགས་ཀྱི་གྲངས་ཀ་ཆེན་པོ་འཕར་རྒྱུར་ཚོད་དཔག་བྱས་པ་ལྟར་བྱུང་མེད་པ་རེད། དེ་བཞིན་ཀོང་རི་སཱེ་སྲིད་དོན་ཚོགས་པའི་འགོ་ཁྲིད་རཱ་ཧུལ་གྷན་དྷི་དང་ཁོང་གི་མི་རྒྱུད་རྣམས་ལ་ལོ་ངོ་མང་པོའི་རིང་ནས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཐོབ་ཡུལ་ཡུ་པཱི་མངའ་སྡེའི་ཨཱ་མི་ཐེ་ས་གནས་ནས་འོས་ཤོར་འདུག་ཀྱང་། ཁོང་གིས་ས་གནས་གཉིས་ནས་འོས་འགྲན་བྱས་ཡོད་པ་དང་། ཀེ་རི་ལཱ་མངའ་སྡེའི་ས་གནས་ཝ་ཡན་ནཌ་ནས་འོས་ཐོབ་འདུག་པས། གྲོས་ཚོགས་ནང་མུ་མཐུད་ནས་སླེབས་ཐུབ་པ་བྱུང་ཡོད་འདུག ཁོང་གིས་ཕམ་ཁ་ཁས་ལེན་བྱས་ཏེ་སྲིད་བློན་མཱོ་དྷི་དང་བྷི་ཇི་བྷི་སྲིད་དོན་ཚོགས་པར་དགའ་བསུ་ཞུས་ཏེ། རྒྱ་གར་མི་མང་གིས་མཱོ་དྷི་རྒྱལ་ཁབ་ཀྱི་སྲིད་བློན་བྱེད་རྒྱུར་ཐག་གཅོད་བྱས་ཡོད་པས། ཁོང་གིས་ཐག་གཅོད་དེར་གུས་བརྩི་ཆེན་པོ་ཞུ་ཡི་ཡོད་སྐོར་བརྗོད་འདུག

འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་མཁན་སྲིད་བློན་མཱོ་དྷི་ཡིས་ཐེངས་འདིའི་འོས་བསྡུར་འོས་འགྲན་བྱེད་མཁན་ནི་སྲིད་དོན་པ་རྣམས་མ་ཡིན་པར། རྒྱལ་ཁབ་དེའི་མི་མང་རྣམས་ཡིན་པ་དང་མི་མང་ལ་རྒྱལ་ཁ་ཐོབ་ཡོད་སྐོར་བརྗོད་ནས། ལོ་ལྔའི་ལས་ཡུན་ནང་དུ་དབྱེ་འབྱེད་མེད་པར་མི་མང་ཚང་མར་ལྟ་སྐྱོང་འདྲ་མཉམ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་གཅིག་འཛུགས་བསྐྲུན་བྱེད་རྒྱུའི་ཁས་ལེན་བྱས་འདུག ཐེངས་འདིའི་འོས་བསྡུ་དེ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཡིན་ཡང་། དོན་དངོས་སུ་སྲིད་བློན་མཱོ་དྷི་དང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རཱ་ཧུ་གྷན་དྷི་གཉིས་བར་གྱི་འོས་འགྲན་ཞིག་ཏུ་ཆགས་ཡོད་པ་དང་། མི་མང་གིས་སྲིད་བློན་མཱོ་དྷི་ཡི་འདས་པའི་ལོ་ལྔའི་ལས་ཡུན་ནང་གི་ལས་དོན་བྱེད་ཕྱོགས་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་རྣམ་པ་སྟོན་པའི་སྡིངས་ཆ་ཆེན་པོ་ཞིག་ཡོད། དེ་ཡང་འདས་པའི་ལོ་ལྔའི་ནང་མི་མང་ལས་མེད་ཀྱི་གྲངས་འབོར་ཆེན་པོ་འཕར་ཡོད་ཁར། དངུལ་ལོར་གསར་བརྗེས་ལ་བརྟེན་ནས་དཔལ་འབྱོར་ཉམས་རྒུད། དེ་བཞིན་ཞིང་པ་རྣམས་ཀྱིས་གཞུང་ལ་ངོ་རྒོལ་ལས་འགུལ་ཆེན་མོ་སྤེལ་བ། ཧིན་རྡུ་ཆོས་ལུགས་ཀྱི་མི་རིགས་ལྟ་བ་ཁྱབ་སྤེལ་ལ་བརྟེན་ནས་གྲངས་ཉུང་མི་རིགས་ཁ་ཆེ་གཙོས་པའི་གཞན་དམར་གསོད་དང་གཉའ་གནོན་སོགས་ཀྱི་གནད་དོན་མང་པོ་ཞིག་ལྷག་ཡོད་ཀྱང་། འཇིགས་སྐུལ་རིང་ལུགས་པས་རྒྱ་གར་ནང་དྲག་རྒོལ་ལ་ལན་འདེབས་ཀྱིས་གནམ་དམག་གིས་དྲག་རྒོལ་བྱས་པའི་གནད་དོན་ལ་བརྟེན་ནས། སྲིད་བློན་མཱོ་དྷི་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཐད་འགན་ཁུར་བྱེད་ཐུབ་མཁན་དང་འགོ་ཁྲིད་བཙན་པོ་ཞིག་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད།

ཐེངས་འདིའི་འོས་བསྡུའི་ནང་དུ་དེ་སྔོན་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་མང་པོ་ཐོབ་མྱོང་མེད་པའི་ནུབ་བྷེང་གྷལ་མངའ་སྡེ་དང་ཀཱར་ན་ཀྲ་ཀ་མངའ་སྡེ་སོགས་ཀྱི་ནང་དུ་རྐུབ་སྟེགས་ཀྱི་གྲངས་མང་དུ་ཕྱིན་ཡོད་པ་དང་། རྒྱ་གར་ཁྱོན་ཡོངས་ནས་མི་མང་ས་ཡ་༦༠༠ ལྷག་གིས་འོས་བསྡུར་མཉམ་ཞུགས་བྱས་འདུག

སྲིད་བློན་མཱོ་དྷི་ལ་འཚམས་འདྲི་བྱེད་མཁན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་པོ་ཞིག་འདུག་པ་དང་། ༧གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག་པའི་ནང་འཁོད་དོན། སྐུ་ཉིད་དང་རྒྱལ་ཡོངས་མང་གཙོའི་ཟླ་སྒྲིལ་ཚོགས་པར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལྟ་བུས། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་པ་མཐོང་སྐབས། སེམས་ནང་དགའ་སྤོབས་སྐྱེ་བཞིན་འདུག

ཡུལ་འདི་ཉིད་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཡུལ་ཁོངས་ནས་གཅིག་ཡིན་པ་དང་།   བྱམས་པ་དང་སྙིང་རྗེ་གཞི་རྩར་འཛིན་པའི་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་བྱ་རྒྱུ་དེ་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་བ་ཞིག་རེད།

ངོས་ཀྱིས་འགྲོ་བ་མི་རིགས་གཅིག་གྱུར་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུའི་ལས་འགན་ཐོག  རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་བློའི་རྣམ་གཞག་དང་བྱེད་ལས་སོགས་ལེགས་བཤད་དེ་དག་རྒྱ་གར་ནང་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་པ་དེར་རྒྱ་གར་བ་སྤྱི་དང་། ལྷག་པར་གཞོན་སྐྱེས་ཁྲོད་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་མཐོང་སྐབས་རེ་བ་བཟང་པོ་ཞིག་མཐོང་གི་འདུག

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་ནས་སེམས་ནང་དོན་དམ་གྱི་ཞི་བདེ་བསྐྲུན་རྒྱུར་རེ་བ་རྒྱག་ས་ནི་རྒྱ་གར་འབའ་ཞིག་ཡིན་པ་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།

བོད་མི་ཚོས་རྒྱ་གར་འཕགས་ཡུལ་འདི་ཉིད་ཆོས་ཀྱི་འབྱུང་གནས་སུ་ངོས་འཛིན་གྱིས་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད། དུས་རབས་བརྒྱད་པའི་ནང་བོད་དུ་དཔལ་ནཱ་ལེནྡྲའི་ལེགས་བཤད་དར་འཕེལ་བྱུང་བར་བརྟེན་རིག་གནས་ཡར་རྒྱས་ཐོག་ཕན་རླབས་ཤུགས་ཆེ་བྱུང་ཡོད། དུས་རབས་བཅུ་བཞི་པའི་ནང་བྱོན་པའི་བོད་ཀྱི་མཁས་པ་ཞིག་གིས།  ཁ་བ་གངས་ཅན་གྱི་ལྗོངས་འདིར་རྒྱ་གར་ནས་སངས་རྒྱས་ཀྱི་བསྟན་པ་མ་དར་བར་དུ་མུན་པའི་ནང་ལྷག་ཡོད་གསུངས་ཡོད།

ཟླ་བ་སྔོན་མར་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་ལོ་ངོ་༦༠ འཁོར་བ་སྲུང་བརྩི་ཞུས་ཡོད། ངོས་ཀྱིས་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོས་བཙན་བྱོལ་ནང་རང་གི་ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པ་བྱུང་ཡོད། སྐུ་ཉིད་ཀྱི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་།  དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་རྒྱ་གར་མི་མང་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་བློན་མཱོ་དྷི་དང་བྷི་ཇི་བྷི་ལ་འཚམས་འདྲི་ཞུས་ཏེ། མཱོ་དྷི་ལ་རྒྱལ་ཁ་བསྐྱར་དུ་ཐོབ་ཡོད་པས་རྒྱ་གར་དང་ཨ་རིའི་བར་གྱི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོན་རྒྱུ་ཡིན་ཁར། ཕྱོགས་གཉིས་བར་མུ་མཐུད་ནས་མཉམ་ལས་བྱེད་རྒྱུར་རེ་སྒུག་བྱེད་ཀྱི་ཡིན་ཞེས་བརྗོད་འདུག པཱ་ཀི་སེ་ཐན་གྱི་སྲིད་བློན་དབྱིམ་རན་ཁཱན་གྱིས་མཚམས་འདྲི་དང་སྦྲགས་ནས། མ་འོངས་པར་སྲིད་བློན་མཱོ་དྷི་དང་མཉམ་དུ་ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་དང་འཕེལ་རྒྱས་ཐོག་ཏུ་མཉམ་ལས་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡིན་ཞེས་བརྗོད་འདུག དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འཚམས་འདྲི་དང་སྦྲགས་ནས། ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གལ་གནད་ཆེན་པོ་འཛིན་བཞིན་ཡོད་ཁར། འདས་པའི་ནང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དང་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པས། སྲིད་བློན་མཱོ་དྷི་དང་མཉམ་དུ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་དང་། ཆབ་སྲིད་ཐོག་ནས་ཕན་ཚུན་བར་ཡིད་ཆེས་སྤོར་བ། མཉམ་ལས་ཚད་མཐོ་རུ་གཏོང་རྒྱུའི་ཐད་མཉམ་ལས་བྱེད་རྒྱུའི་འདོད་པ་ཡོད་སྐོར་བརྗོད་འདུག

ཐེངས་འདིར་བྷི་ཇི་བྷི་ལ་རྒྱལ་ཁ་ཆེན་པོ་ཐོབ་པར་བརྟེན། རྒྱ་གར་ནང་ཧིན་རྡུ་ཆོས་ལུགས་ཀྱི་མི་རིགས་ལྟ་བ་མཁྲེགས་འཛིན་མཁན་ཚོགས་སྒེར་ཚོས། ཁ་ཆེ་སོགས་ཀྱི་གྲངས་ཉུང་མི་རིགས་ལ་གཉའ་གནོན་ཚབས་ཆེ་རུ་གཏོང་སྲིད་པའི་ཞེད་སྣང་བྱེད་མཁན་ཡང་མང་པོ་ཞིག་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།