གྲོས་ཚོགས་ལ་གནོན་ཤུགས་རེད།

ཆེད་བརྗོད།

ཉེ་ཆར་སྤྱི་ཚོགས་ནང་དང་བླངས་དཔྱ་ཁྲལ་ལག་དེབ་སྤར་དགོས་མིན་དང་འབྲེལ་བའི་བསམ་ཤོག་ཅིག་ས་གནས་འགོ་འཛིན་ཁག་བརྒྱུད་ནས་བསྡུ་རུབ་བྱེད་བཞིན་འདུག་པ་དང། སྤྱི་ཚོགས་དྲ་ལམ་ཁག་ཏུ་དེ་དང་འབྲེལ་བའི་བསམ་ཚུལ་མང་དག་ཅིག་ཀྱང་སྤེལ་བཞིན་འདུག བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་འབུལ་རྒྱུ་ནི། བཙན་བྱོལ་བོད་མི་རྣམས་ལ་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཉག་གཅིག་ཡིན་པ་ལས། འབུལ་འདོད་ཡོད་དུས་འབུལ་ཆོག་ཆོག་དང། མཚམས་འཇོག་ཆོག་ཆོག་ཅིག་གཏན་ནས་མིན། གལ་སྲིད་གང་ཟག་གང་ཡང་རུང་བ་ཞིག་སྣང་བར་འགྲོ་མིན་གྱི་ཐོག་ནས་དང་བླངས་དཔྱ་ཁྲལ་ལག་དེབ་མ་ཕུལ་ན་བཅའ་ཁྲིམས་ཀྱི་ནང་དུ་གསལ་བའི་ཐོབ་ཐང་ཁག་མ་བླངས་པ་དང། བཅའ་ཁྲིམས་སུ་གསལ་བའི་ལས་འགན་མ་ཁུར་བ་ཞིག་ཏུ་གྱུར་ཡོད། ལས་ཀྱི་སྣེ་མོ་བ་སུ་ཡིན་ཡང་དེ་ལ་དང་བླངས་དཔྱ་ཁྲལ་ལག་དེབ་ཕུལ་ནས་ཕོགས་འབབ་འཕར་མ་རག་པ་དང། མི་ཁག་ཅིག་གིས་དཔྱ་ཁྲལ་མ་ཕུལ་བ་ཙམ་གྱིས་ཕོགས་འབབ་ཉུང་དུ་འགྲོ་བ་དེ་འདྲ་མ་རེད།

དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་འབུལ་འབབ་དང། ཕོགས་ཐོབ་ཀྱི་བརྒྱ་ཆ་མི་འབུལ་མཁན་ཞིག་ལ་མཚོན་ན་མི་མང་གིས་འོས་འདེམས་བྱེད་དགོས་པའི་སྲིད་སྐྱོང་། སྤྱི་འཐུས་བཅས་ཀྱི་འོས་ཆོས་མི་ཚང་ལ། གྲོས་ཚོགས་ནས་འོས་འདེམས་བྱེད་དགོས་པའི་བཀའ་བློན་སོགས་ཀྱི་འོས་ཆོས་ཀྱང་མི་ཚང་བར་གྱུར་ཡོད། དང་བླངས་དཔྱ་ཁྲལ་འབུལ་འབབ་ཀྱི་ཁྲིམས་ཡིག་དོན་ཚན་ལྔ་པ། “དཔྱ་དངུལ་འདི་ནི་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་བརྩི་མཐོང་གི་མཚོན་བྱེད་དུ་མ་བསྐུལ་དང་བླངས་ཀྱིས་ཕྱི་ལོ་༡༩༧༢ ཕྱི་ཟླ་༧ ཚེས་༣༠ ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་དུ་ཐག་བཅད་གྲོས་ཆོད་བཞག་པ་ལྟར་རང་མོས་དང་བླངས་ཀྱིས་འབུལ་སྒྲུབ་དགོས་པའི་དཔྱ་དངུལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༣ པའི་ནང་གསེས་༤ པར་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན།”ཞེས་གསལ་ཡོད་པ་བཞིན། དཔྱ་ཁྲལ་མི་འབུལ་མཁན་ཞིག་ཡིན་ན་ཡུལ་མིའི་ལས་འགན་མ་བསྒྲུབས་པ་རེད།

དེ་བཞིན་ཁྲིམས་ཡིག་དེའི་དོན་ཚན་དྲུག་པ། “ཁྲིམས་ཡིག་འདིར་གསལ་གྱི་དང་བླངས་དཔྱ་དངུལ་འབུལ་བའི་ཐོབ་ཐང་བོད་ཀྱི་ཡུལ་མི་ཁོ་ནར་ཡོད་ཅིང༌། དང་བླངས་དཔྱ་དངུལ་དང་ཟས་བཅད་དོད། ཕོགས་ཐོབ་བརྒྱ་ཆ་ཆད་མེད་སྒྲུབ་འབུལ་མི་བྱེད་མཁན་སུས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། ཁྲིམས་ཡིག་ནང་གསལ་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་མི་ཆོག”ཅེས་གསལ་པོ་འཁོད་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་ཡིག་ཁག་ནང་གསལ་བའི་བོད་ཀྱི་ཡུལ་མི་ནི། དང་བླངས་དཔྱ་ཁྲལ་སྒྲུབ་འབུལ་བྱེད་མཁན་ཡིན་མིན་གྱི་ཐོག་ནས་ངོས་འཛིན་བྱེད་དགོས་པ་ལས། ཤ་ཁྲག་རུས་རྒྱུད་བོད་པ་ཡིན་མིན་གྱི་ཐོག་ནས་ངོས་འཛིན་བྱེད་ཀྱི་མེད། གོང་གི་དོན་ཚན་འདིར་གསལ་བ་བཞིན་དཔྱ་ཁྲལ་དང། ཟས་བཅད་དོད། ཕོགས་ཐོབ་བརྒྱ་ཆ་བཅས་ཆད་མེད་སྒྲུབ་འབུལ་མི་བྱེད་མཁན་ཡིན་ན་གོང་གསལ་གྱི་འོས་ཆོས་ཁག་ཚང་གི་མེད་པ་གསལ་པོ་ཡིན་པས། ‘ཤིག་ལ་གནོད་སྐྱེལ་ཆེད་སློག་རལ་མེ་སྲེག་བཏང་’ཞེས་པའི་གཏམ་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད།

བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཟིན་པ་དག་གིས་དང་བླངས་དཔྱ་ཁྲལ་འབུལ་འབབ་འབུལ་ཐུབ་ཐབས་སུ་ཐབས་ཤེས་གང་ཡོད་བྱེད་དགོས་པ་དེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་རྣམ་པའི་འགན་འཁྲི་ཉག་གཅིག་ཡིན་པ་དང། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ལ་མཚོན་ན་དཔྱ་ཁྲལ་འབུལ་འབབ་ཆེན་པོ་དེ་ཙམ་མིན་ཡང་། ནང་མི་མང་བ་དང་དཔལ་འབྱོར་གྱི་ཡོང་འབབ་ཞན་པ་ཞིག་ལ་མཚོན་འབུལ་འབབ་སྤར་ཆ་བྱས་ནས་དཀའ་ངལ་ཞིག་ཏུ་འགྱུར་སྲིད། དེ་བས་འབུལ་འབབ་བསྡུ་སྟངས་ཚགས་ཚུད་དུ་བཏང་ནས་ཡོང་འབབ་འཕར་ཐུབ་པ་ཞིག་ཡོང་དགོས་པ་ལས། སྤར་ཆ་བྱ་རྒྱུ་དེ་ཐབས་ལམ་ཡག་པོ་དང་དུས་ལ་བབ་པ་ཞིག་མ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་དང། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ཕོགས་འབབ་བཅས་ལ་མཚོན་ན་སྤར་ཆ་བྱ་རྒྱུའི་འོས་བབ་གཏན་ནས་མེད། དེ་བས་ལས་དོན་ཚགས་ཚུད་དུ་གཏོང་བར་གཞུང་སྒེར་གཉིས་ངོས་ནས་འབད་བརྩོན་བྱེད་ཐུབ་ན་ཕན་ཐོགས་ཆེ་བར་མངོན།

མདོར་ན་དཔྱ་ཁྲལ་སྤར་རྒྱུའི་ཁྲིམས་སྒྲིག་ལ་བསྐྱར་བཅོས་གཏོང་རྒྱུའི་འགན་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་ཅིང། ཁྲིམས་ཡིག་འདི་གཞན་དང་མི་འདྲ་བར་བསྐྱར་བཅོས་གཏོང་བར་བཀའ་ཤག་གི་རྒྱབ་གཉེར་ཡང་དགོས། གལ་སྲིད་དང་བླངས་དཔྱ་ཁྲལ་ལ་སྤར་ཆ་བྱ་རྒྱུའི་དགོངས་གཞི་བཀའ་ཤག་ལ་ཡོད་ན། གྲོས་ཚོགས་སུ་ཁྲིམས་ཡིག་བསྐྱར་བཅོས་བསྣམ་ཆོག་པ་རེད། བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་བསམ་ཚུལ་བསྡུ་དགོས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ་དང་སྒོ་བསྟུན་ཐབས་བྱ་རྒྱུ་ལས། གཞན་པའི་ཐབས་ལམ་གང་ཡང་མེད། གྲོས་ཚོགས་ནང་བསྐྱར་བཅོས་མ་བསྣམས་གོང་ནས་མི་མང་གི་བསམ་ཚུལ་ཡིན་ཞེས་བསྡུས་བསྡད་ན་གྲོས་ཚོགས་ལ་བརྒྱུད་ནས་གནོན་ཤུགས་ཀྱི་རྣམ་པ་ལྟ་བུ་ལས་ཕན་ཐོགས་གང་ཡང་མེད། དེར་བརྟེན་སྤར་ཆ་དགོས་པའི་ཁྲིམས་འཆར་སླེབས་ན་ངོ་ཡོད་སུམ་ཆ་གཉིས་ཀྱིས་མོས་མཐུན་རྒྱབ་སྐྱོར་དགོས་པ་ནི་མཐའ་མའི་ལམ་ཁ་ཉག་གཅིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།