གྲོས་ཚོགས་ལས་ཉིན་དང་པོ་ཤེས་རིག་དང་ནང་སྲིད་ཀྱི་ལས་བསྡོམས་སྙན་སྒྲོན་དང་སྤྱི་ཡོངས་བགྲོ་གླེང་།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་ཞིང་། དཔལ་ལྡན་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་དང་ཚོགས་གཙོའི་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་རྗེས། ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་གྱི་ལས་རིམ་དབུ་འཛུགས་གནང་སོང་།ནམ་རྒྱུན་དང་མི་འདྲ་བར་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དེ་ལས་བསྡོམས་ཀྱི་མཇུག་ལ་བཞག་འདུག ཐོག་མར་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༣-༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེས་སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་བཅས་གནང་རྗེས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གྱིས་རྒྱབ་སྐྱོར་གནང་སྟེ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་བཙུགས་སོང་།
སྐབས་དེར་བཀུར་འོས་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་གི་དགུང་ལོའི་བབ་དང་བསྟུན་ནས་བཀའ་སྤྱི་གཉིས་ཀྱིས་སྐུ་ངལ་གསོ་དགོས་པའི་གསོལ་འདེབས་ཞུ་དགོས་གལ་ཆེ་བ་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་ཁ་ནས་བཤད་པ་ཙམ་ལས་དོན་གྱི་མཛུབ་མོ་འཛུགས་ས་མེད་པའི་ཉེན་ཁ་ཡོད་པས་དགོན་སྡེ་ཁག་གི་ནང་བོད་ཀྱི་རིག་གཞས་རྒྱུན་འཛིན་བྱེད་རྒྱུའི་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་ཡིན་པ། ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་མགོན་པོ་གང་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པའི་སྐོར། རྗེས་འབྱོར་སློབ་ཡོན་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་སློབ་ཡོན། རུ་སོག་སློབ་ཡོན་སོགས་ཀྱི་གལ་གནད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ད་ལྟའི་གནས་བབ་སྐོར། ད་ལྟའི་ཆར་ལྡི་ལི་བོད་ཁང་གི་བདག་དབང་ངོ་མ་སུ་ལ་ཡོད་མེད་དང་མ་འོངས་པ་དེའི་གནས་སྟངས། ནང་པའི་ལྟ་གྲུབ་ངོ་སྤྲོད་ཀྱི་ལས་གཞི་དེ་བཞིན་མུ་མཐུད་རྒྱ་ཆེར་སྤེལ་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་པ་དང་དོགས་དྲི་གནང་སྐབས།
ཆོས་རིག་བཀའ་བློན་གྱིས་བཀའ་ཤག་སྐབས་༡༦ ་པ་དང་པོ་སླེབ་པའི་སྐབས། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དགོན་སྡེ་ཁག་༢༩༢ ཡོད་པའི་ཁྲོད། བོད་མིའི་གྲྭ་བཙུན་གྱི་གྲངས་གྱི་བརྒྱ་ཆ་༣༥% ་དང་ཧི་མ་ལ་ཡའི་གྲྭ་བཙུན་གྱི་གྲངས་འབོར་དེ་བརྒྱ་ཆ་༦༤% ་ཟིན་ཡོད་ན་ཡང་། ལོ་འདིའི་ནང་ཆོས་རིག་ལས་ཁུངས་ཀྱིས་ཕྱོགས་བསྡོམས་བྱས་པའི་སྙན་ཐོའི་ནང་། དགོན་སྡེ་ཁག་གི་ནང་ཧི་མ་ལ་ཡའི་གྲྭ་བཙུན་གྱི་གྲངས་འབོར་དེ་བརྒྱ་ཆ་༦༩% ་ཟིན་པ་དང་བོད་མིའི་གྲྭ་བཙུན་གྱི་གྲངས་འབོར་གྱི་བརྒྱ་ཆ་དེ་༢༩% ་ལྷག་ཙམ་ལས་ཟིན་མེད་པས་གྲྭ་བཙུན་གྱི་གྲངས་འབོར་དེ་ཁྲི་བཞིའི་འོག་ལ་མར་ཟགས་ཡོད་པ། གཞན་ཡང་༧གོང་ས་མཆོག་གི་གོ་སྟོན་དང་བསྟུན་ནས་ཆོས་ཚོགས་ཐེངས་༡༥ པ་ཕྱི་ལོ་༢༠༢༥ ་ཟླ་༧ ་ཚེས་༣་དང་༤ ལ་འཚོག་རྒྱུ་དང་། སྐབས་དེར་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཚུར་གདན་འདྲེན་ཞུ་ཐུབ་རྒྱུར་རྒྱ་གར་གཞུང་ལ་ག་རེ་ཞུ་དགོས་ཀྱི་ཡོད་པའི་ཐོག་གོ་བསྡུར་བྱེད་རྒྱུ་ཡིན་ཞེས་ལན་འདེབས་གསལ་བཤད་གནང་ནས་ཆོས་རིག་ལས་ཁུངས་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་དང་ལས་འདེབས་གསལ་བཤད་ལེགས་པར་གྲུབ་སོང་ལ།དེའི་རྗེས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་༢༠༢༣ ་་༢༠༢༤ ལོའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས། དེའི་རྗེས་གོང་གསལ་སྙན་ཐོའི་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་གཅིག་ལ་བཀའ་ཤག་གི་ལན་འདེབས་དང་། ནང་སྲིད་ལས་བསྡོམས་དང་འབྲེལ་བའི་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་འགོ་བཙུགས་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་རྗེས་འབྱོར་བོད་མི་དང་ཁ་འཐོར་བོད་མིའི་སྡོད་ཁང་གསར་རྒྱག་གི་འགྲོ་གྲོན་དང་ལས་གཞིའི་སྐོར་དང་། སྐུའི་ཡང་སྲིད་དང་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་བཀའ་ཤག་གི་ལས་གཞི་དང་འབྲེལ་བའི་དོགས་འདྲི་ལ་བཀའ་ཤག་གི་ལན་འདེབས་ཁ་ཤས་གནང་སོང་ལ། ནང་སྲིད་ཀྱི་ལས་རིམ་སང་ཞོགས་མུ་མཐུད་འགྲོ་རྒྱུ་ཡིན་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།