གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད།
གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་གར་སོང་མེད་པའི་གནས་ཚུལ་བྱུང་ནས། ས་གནས་ཡུལ་མི་དག་གིས་བརྩད་གཅོད་སྐབས་ནག་ཆུའི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག
གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་གར་སོང་མེད་པའི་གནས་ཚུལ་བྱུང་ནས། ས་གནས་ཡུལ་མི་དག་གིས་བརྩད་གཅོད་སྐབས་ནག་ཆུའི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་༢ ཚེས་༢༤ ཉིན་གྱི་མཚན་མོ་གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གིས་ཉེན་རྟོག་པའི་བཙན་ཁྲིད་བྱས་ནས་གར་སོང་མེད་པ་དང་། ས་གནས་ཡུལ་མི་དག་གི་བརྩད་གཅོད་སྐབས་ནག་ཆུ་ཁུལ་གྱི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག གསང་བའི་ངང་ནས་བཙན་ཁྲིད་བྱེད་སྟངས་ལ་བལྟས་ན་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་དོགས་གཞི་ཡོད་འདུག
གྲྭ་ངག་དབང་རྒྱལ་མཚན་ནི་ནག་ཆུ་རྫོང་རྟར་ཆེན་ཡུལ་ཚོའི་གོང་སུམ་གྲོང་སྡེ་པ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚེ་རིང་མི་འགྱུར་དང་མ་མིང་ལ་མར་འཛིན་ཟེར་ཞིང་རང་ལོ་༤༡ ཙམ་ཡིན་འདུག དེ་སྔོན་ཤག་རོང་པོ་དགོན་གྱི་གྲྭ་པ་ཡིན་པ་དང་། དགོན་པའི་སྒྲིག་ཁོངས་སུ་ཡོད་དུས་རྒྱ་ནག་གི་སྲིད་གཞུང་གི་མི་སྣས་དགོན་པར་ཆབ་སྲིད་སློབ་གསོ་སྤྲོད་སྐབས་ཁོང་སྲིད་གཞུང་གི་མི་སྣ་དང་ཁ་རྩོད་མང་པོ་ཤོར་མྱོང་བ་དང་། རྒྱུ་རྐྱེན་དེ་ལ་རྟེན་ནས་དེ་སྔོན་ཤག་རོང་པོ་དགོན་ལ་ལྔ་ཉི་ཤུ་དོན་རྐྱེན་ལ་བསྙད་པའི་ཛ་དྲག་གི་གནས་སྟངས་འོག་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད་འདུག
ཁོང་རྒྱུན་ལྡན་དུ་རང་རིགས་ལ་ཤ་ཞེན་ཆེ་ཞིང་རིག་གཞུང་ལ་དོ་སྣང་ཆེན་པོ་ཡོད་པ་མ་ཟད། ལྷ་བྲིས་ལོ་མང་སྦྱང་ནས་རི་མོའི་སྒྱུ་རྩལ་ལ་མཁས་པའི་མི་སྣ་ཞིག་ཀྱང་ཡིན་འདུག
དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཐེན་བྱས་ནས་ད་ལྟའི་བར་སྤྱི་ཚོགས་ནང་གི་གྲྭ་རྐྱང་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་བཞིན་ཡོད་པ་དང་། རྒྱ་གཞུང་གི་མི་སྣས་བཙན་བཀའ་བཏང་ནས། གྲྭ་ངག་དབང་རྒྱལ་མཚན་སྤྱི་ཚོགས་ཁྲོད་གང་བྱུང་འགྲོ་མི་ཆོག་པ་དང་། མི་སྣ་འདྲ་མིན་དང་ཐུག་འཕྲད་བྱས་ཚེ་ཉེས་པ་ཕོག་རྒྱུ་ཡིན་སྐོར། ཡར་མར་འགྲོ་འདུག་སྐབས་སྲིད་གཞུང་ལ་དགོངས་ཞུ་ཡང་བྱེད་དགོས་པའི་གཏན་འབེབས་བཟོས་ཡོད་འདུག ག་དུས་ཡིན་ཡང་རྒྱ་གཞུང་གི་ཉེན་རྟོག་པས་རྗེས་འདེད་བྱེད་པ་མ་ཟད་ཁ་པར་ནང་དུ་སྡིག་ར་ཡང་ཡང་གཏོང་མྱོང་ཡང་ཡོད་འདུག །
གསར་འགོད་པ་ངག་དབང་ཐར་པ།