གླང་ཤའི་དཀྲོག་གཏམ་ལ་བརྟེན་ནས་མི་མང་གིས་མི་ཞིག་བསད་འདུག
རྒྱ་གར་ནུབ་ཕྱོགས་ཀྱི་ཨུ་ཌར་མངའ་སྡེ་ནང་ལོ་ན་༥༠ སོན་པའི་མི་ཞིག་གིས་གླང་ཤ་ཉར་བ་དང་ཟོས་པའི་དཀྲོག་གཏམ་ཁྱབ་པས། མི་མང་གིས་རུབ་བརྒྱབ་ནས་བསད་ཡོད་འདུག
རྒྱ་གར་ནུབ་ཕྱོགས་ཀྱི་ཨུ་ཌར་མངའ་སྡེ་ནང་ལོ་ན་༥༠ སོན་པའི་མི་ཞིག་གིས་གླང་ཤ་ཉར་བ་དང་ཟོས་པའི་དཀྲོག་གཏམ་ཁྱབ་པས། མི་མང་གིས་རུབ་བརྒྱབ་ནས་བསད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་གྱི་མཚན་མོར་མོ་ཧ་མ་ཌེ་(Mohammad)ཞེས་པའི་ཁྱིམ་ལ་མི་མང་པོ་ཞིག་སླེབས་ཏེ། ཁོ་རང་ལ་རྡོག་རྒྱག་གཞུས་པ་དང་རྡོ་གཞུས་ནས་བསད་ཡོད་པ་དང། ཁོང་གི་བུ་ལོ་ན་༢༢ ཅན་ལ་ཡང་མཉམ་དུ་རྡུང་རྡེག་བྱས་ཏེ་ད་ལྟ་སྨན་ཁང་དུ་ཡོད་འདུག
རྒྱ་གར་གྱི་བརྒྱུད་ལམ་བང་ཆེན་གྱིས་གནས་ཚུལ་སྤེལ་གསར་ལྟར་ན། “ས་ཁུལ་དེའི་མི་མང་ཁ་ཤས་ཀྱིས་མོ་ཧ་མ་ཌེའི་ཁྱིམ་ཚང་གིས་གླང་ཤ་ཉར་ཚགས་བྱེད་པ་དང་ཟོས་པ། དེ་བཞིན་བ་གླང་གསོད་ཀྱི་ཡོད་པའི་དཀྲོག་གཏམ་སྤེལ་བས། མི་མང་ཁོང་ཚོའི་ནང་དུ་སོང་ནས་ཁོ་བསད་འདུག”ཅེས་ས་གནས་ཀྱི་ལས་བྱེད་ཅིག་གིས་འགྲེལ་བརྗོད་བྱས་འདུག
མོ་ཧ་མ་ཌིའི་བུ་མོས་ “ང་ཚོས་ཁྱག་སྒམ་ནང་དུ་ལུག་ཤ་ཉར་ཡོད་པ་ལས། གླང་ཤ་ཉར་མེད། དགོང་མོ་དེར་མི་བརྒྱ་ལྷག་ཞིག་ང་ཚོའི་ནང་དུ་སླེབས་ཏེ། པཱ་ལགས་དང་གཅེན་པོ་གཉིས་ཕྱི་རུ་དྲུད་ཕྱིན་སོང་བ་དང། རྡུང་རྡེག་བྱས་སོང།”ཞེས་འགྲེལ་བརྗོད་བྱས་འདུག
ས་གནས་ཀྱི་ཉེན་རྟོག་པས་ཁྱིམ་ཚང་དེས་གླང་ཤ་ཟ་ཡི་འདུག་ཅེས་པ་དེ། ས་གནས་ཀྱི་ཧིན་རྡུའི་ལྷ་ཁང་ཞིག་ལ་གསལ་བསྒྲགས་བྱས་ཡོད་པའི་འགྲེལ་བརྗོད་བྱས་འདུག
གནས་ཚུལ་དེ་དང་འབྲེལ་ནས། མི་༦ འཛིན་བཟུང་བྱས་ཡོད་པ་དང། ས་ཁུལ་མི་མང་གིས་འཛིན་བཟུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། རླངས་འཁོར་མང་པོ་ཞིག་མེར་སྲེག་ཡོད་པས། ས་གནས་ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད་འདུག
རྒྱ་གར་གྱི་མི་འབོར་བརྒྱ་ཆ་༨༠ ཧིན་རྡུ་ཆོས་པ་ཡིན་པས། བ་གླང་ནི་ཧིན་རྡུའི་ཆོས་ལུགས་ནང་རྩ་ཆེན་བརྩི་སྲོལ་ཡོད་པས། མངའ་སྡེ་ཁ་ཤས་ནང་ཆོས་ལུགས་གཞན་པ་ཡིན་མཁན་གྱི་མི་རྣམས་ལ་ཡང་གླང་ཤ་ཟ་རྒྱུར་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།། སྐལ་བཟང་དོན་གྲུབ།